༄༅། །ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཁང་དང་སིཌ་ཎི་བོད་རིགས་མཐུན་ཚོགས་གཉིས་མཉམ་རུབ་ཀྱིས་ཨོསྟྲེ་ལི་ཡཱའི་ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པ་གསར་འཛུགས་གནང་ཡོད་པ་དང་། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༣ ཉིན་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་སིཌ་ཎིར་རྟེན་གཞི་བྱས་པའི་སན་ཊི་ཌེ་ཝི་ཌི་ཡི་ཤུའི་ཆོས་ཚོགས་སུ་ (St David’s Church Dee Why) དབུ་འབྱེད་གནང་ཡོད།
དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པ་དབུ་འབྱེད་མཛད་སྒོར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་གཙོས་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཆོས་འཛིན་ལགས་དང་རྒྱུན་ལས་སོགས་ཕེབས་ཡོད། བསྟན་འཛིན་ལུང་རྟོགས་ལགས་དང་། བསྟན་འཛིན་མཁྱེན་བརྩེ་ལགས། བློ་བཟང་སྒྲོལ་མ་ལགས། པ་སངས་སྐྱིད་པ་ལགས། བསྟན་འཛིན་ཆོས་བཟང་ལགས། བསྟན་འཛིན་དབྱངས་འཛོམས་ལགས་བཅས་སིཌ་ཎི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པའི་རྒྱུན་ལས་གསར་པར་བདམས་ཐོན་བྱུང་ཡོད།དེ་ཡང་སིཌ་ཎི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པ་དབུ་འབྱེད་མཛད་སྒོར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས། བོད་པའི་མི་རབས་རྒན་པ་རྣམས་རིམ་པས་རྫོགས་ཀྱི་ཡོད་སྟབས་མ་འོངས་པར་མི་རབས་གསར་པའི་གཞོན་སྐྱེས་རྣམས་ཀྱིས་འགན་འཁུར་མང་ཙམ་གནང་དགོས་པའི་སྐོར་དང་། བཀའ་ཤག་སྐབས་བཅུ་དྲུག་པས་བོད་པ་མི་རེ་ངོ་རེར་བོད་མིའི་བདེན་པའི་འཐབ་རྩོད་ཆེད་དུ་ཞབས་འདེགས་བསྒྲུབ་པར་སྡིངས་ཆ་བསྐྲུན་སླད་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཞེས་པའི་ལས་གཞི་གསར་པ་ཞིག་དབུ་འཛུགས་གནང་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།
གཞན་ཡངསྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨོསྟྲེ་ལི་ཡཱ་སྤྱི་དང་། ལྷག་པར་ཨོསྟྲེ་ལི་ཡཱའི་ལྷོ་ཤར་མངའ་སྡེའི་ཁུལ་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཚགས་ཚུད་གཏོང་སླད་གསར་དུ་བདམས་ཐོན་བྱུང་བའི་སིཌ་ཎི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པའི་རྒྱུན་ལས་རྣམས་ལ་རྒྱུས་མངའ་ལམ་སྟོན་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།སིཌ་ཎི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པ་དབུ་འབྱེད་མཛད་སྒོ་མ་ཚོགས་གོང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དྲ་ལམ་བརྒྱུད་དང་བླངས་བོད་དོན་ཞུ་གཏུག་གི་དགོས་དམིགས་དང་། སྒྲིག་འཛུགས། ལས་འགན་སོགས་ཀྱི་སྐོར་སིཌ་ཎི་ཁུལ་གྱི་གཞོན་སྐྱེས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོར་གོ་རྟོགས་ཀྱི་ཟབ་སྦྱོང་གནང་བ་མ་ཟད། དེང་སྐབས་བོད་དོན་ཞུ་གཏུག་གི་གལ་གནད་སོགས་ཀྱི་སྐོར་གོ་རྟོགས་སྤེལ་གནང་ཡོད། དེ་རྗེས་དྲི་བ་དྲིས་ལན་གནང་ཡོད་པ་བཅས།།