༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional-Executive Commission on China) གིས་ཕྱི་ལོ་ ༢༠༢༢ ལོའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་ནག་དང་། བོད། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། མཱ་ཁའོ་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་སྟེ་ཞིབ་བཤེར་དང་མནར་གཅོད་གཏོང་བཞིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་འཛིན་བཟུང་བཙོན་འཇུག་དང་། ཏོག་དབྱིབས་གཉན་རིམས་རྩ་གཏོར་གྱི་སྲིད་བྱུས་ལ་ཁ་གཡར་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ། དེ་བཞིན་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་རྒྱ་ནག་ཅན་དུ་སྒྱུར་བཞིན་པ་སོགས་ཀྱི་སྐོར་འཁོད་འདུག
དེ་ཡང་བོད་དོན་དང་འབྲེལ་བའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་བྱེད་ཀྱི་མེད་པ་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་ཁྱོན་བསྡོམས་གྲངས་ ༡༥༤ ཡིས་རང་ལུས་མེར་སྲེག་བཏང་བའི་ཁྲོད་ནས་མི་གྲངས་ ༡༣༥ འདས་གྲོངས་སུ་གྱུར་ཡོད་པ། འདི་ལོའི་ལོ་སྟོད་དུ་ལོ་ ༢༥ ཡིན་པ་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་བོད་ཀྱི་རྒྱལ་སར་རང་ལུས་མེར་སྲེག་བཏང་བ་དང་། རང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་བ་སོགས་འཁོད་ཡོད།
གཞན་ཡང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཚུད་པའི་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་མུ་མཐུད་སྟངས་འཛིན་བྱེད་བཞིན་པའི་སྐོར་དང་། བོད་པའི་ཕྲུ་གུ་ལོ་ན་ ༤ ནས་ ༥ སོན་པ་རྣམས་བཙན་དབང་གིས་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་སློབ་གྲྭ་ཁག་ཏུ་བཏང་སྟེ་རྒྱ་ཡིག་སྦྱོང་དུ་འཇུག་བཞིན་པ་མ་ཟད། སྒེར་གྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སྦྱོང་དུ་འཇུག་གི་མེད་པ། བོད་རང་སྐྱོང་ལྗོངས་ཟེར་བ་ཚུད་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱི་རྒྱལ་གསར་འགོད་པ་དང་གཞུང་འབྲེལ་མི་སྣ་སོགས་རང་དབང་གི་སྒོ་ནས་ཕེབས་པར་དམ་བསྒྲགས་བྱེད་བཞིན་པ། བོད་མི་རྣམས་ལ་སྐད་འཕྲིན་ཚུད་པའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་དོན་སྐོར་གླེང་མོལ་དང་བརྒྱུད་སྤེལ་བྱས་ན་ཉེས་ཅན་དུ་རྩི་བཞིན་པ་སོགས་འཁོད་ཡོད།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་ལས་བྱེད་རྣམས་ལ་ལོ་འཁོར་སྙན་ཐོ་ཕུལ་བའི་ནང་དགོངས་ཚུལ་ཁག་གཅིག་བཏོན་ཡོད།
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་དེ་རང་དབང་གི་སྒོ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྟོག་ཞིབ་གནང་སྟེ་སྙན་ཐོ་ཆ་ཚང་ཞིག་གནང་དགོས་པ། ཕྱི་རྒྱལ་གསར་འགོད་པ་དང་གཞུང་འབྲེལ་མི་སྣ་རྣམས་ལ་བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་རྟོག་ཞིབ་བྱེད་དུ་འཇུག་དགོས་པ།
བོད་པའི་ཕྲུ་གུ་ལོ་ན་ ༤ ནས་ ༥ སོན་པ་རྣམས་བཙན་དབང་གིས་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་སློབ་གྲྭ་ཁག་ཏུ་བཏང་བ་དེ་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཡོད་མེད་དང་། གལ་ཏེ་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཡོད་ན་དཔལ་འབྱོར་གྱི་བཀའ་ཆད་གཅོད་དགོས་མིན་གྱི་ཐག་གཅོད་བྱེད་དགོས་པ།
རྒྱ་ནག་གཞུང་ལ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ངོས་འཛིན་ཡོད་པའི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་གནོན་ཤུགས་སྤྲོད་དགོས་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་བསྐྱར་གསོ་བྱེད་དུ་འཇུག་དགོས་པ། རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་ཀྱི་ལོ་རྒྱུས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག བོད་མིའི་ཚོགས་པ་ཁག བོད་མི་བཅས་ཀྱི་སྐོར་འཁྱོག་བཤད་བྱེད་བཞིན་པར་ཁ་གཏད་གཅོག་དགོས་པ།
བློ་བཟང་ལྷུན་གྲུབ་ལགས་དང་། བློ་བཟང་འཕྲིན་ལས་ལགས། ཐུབ་བསྟན་བློ་གྲོས་ལགས། སྒོ་ཤེས་རབ་རྒྱ་མཚོ་ལགས་སོགས་ཚུད་པའི་བོད་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ།
རྒྱ་ནག་གཞུང་གི་ལས་བྱེད་ཚོས་ཨ་རིའི་གཞུང་ཚབ་ཆེན་མོ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་མགྲོན་འབོད་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དང་། ཁོང་གི་ཡབ་ཡུམ་རྣམས་དང་མཇལ་འཕྲད་གནང་དུ་འཇུག་དགོས་པའི་གནད་དོན་སོགས་ཀྱི་སྐོར་དགོངས་ཚུལ་གསུངས་ཡོད་པ་བཅས།།