༄༅། །འཕགས་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དགུ་པ་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༣༡ ནས་ཟླ་བ་ ༡༡ ཚེས་ ༠༡ བར་རྒྱ་གར་བི་ཧཱར་མངའ་སྡེའི་རཱཇ་གཱིར་དུ་ཚོགས་ཡོད་པ་རེད།
དེ་ཡང་ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བི་ཧཱར་མངའ་སྡེ་གཞུང་གི་སྐུ་ཚབ་འབུམ་རམས་པ་ནཱ་རེནྡྲ་པཱ་ཊག་ (Narendra Pathak) ལགས། དེ་བཞིན་སྭ་མི་བྷ་སཱ་ཝ་མཱ་དཱ་རཱ་ཅན་ན་ཧི་ཡ་ (Swami Basava Madara Chennaiah) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་འབུམ་རམས་པ་ཨཱ་ནནྡ་ཀུ་མཱར་ (Anand Kumar) ལགས་ཕེབས་ཡོད།ཐོག་མར་འབུམ་རམས་པ་ཨཱ་ནནྡ་ཀུ་མཱར་ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་ནས་ཕེབས་པའི་ཚོགས་བཅར་བ་ ༡༥༠ ལྷག་ལ་ཕེབས་བསུ་གནང་བ་དང་འབྲེལ་ཧིན་བོད་མཛའ་འབྲེལ་ཚོགས་པ་ནི་བདེན་པ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཚང་མའི་བཟང་སྤྱོད་ཀྱི་འགན་ཁྲི་ཞིག་རེད་ཅེས་དང་། ཐེངས་འདིའི་ཚོགས་འདུ་རྒྱལ་པོའི་ཁབ་ཏུ་ཚོགས་པ་དེ་ཡང་བོད་དང་ནཱ་ལེནྡྲ་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་མཚོན་ཕྱིར་ཡིན་ཞེས་འགྲེལ་བརྗོད་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་དོན་ཐོག་ཚོགས་འདུ་གོ་སྒྲིག་གནང་བར་བསྔགས་བརྗོད་དང་། རྒྱ་གར་གཞུང་དམངས་གཉིས་ནས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་སླད་བགྲང་བྱ་དྲུག་ཅུ་ལྷག་རྒྱབ་སྐྱོར་ཕན་གྲོགས་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། དེར་འདུས་ཚོགས་བཅར་བ་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་དོན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་སུ་ཞུ་གཏུག་གནང་བཞིན་པའི་སྐོར། དེ་བཞིན་ས་གནས་ས་ཐོག་ནས་རྒྱབ་སྐྱོར་འཐོབ་རྒྱུ་གལ་ཆེ་བའི་སྐོར། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སྲ་བརྟན་དང་ནུས་པ་གོང་སྤེལ་གཏོང་གལ་ཆེ་ཚུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པ་ནི་བོད་དོན་སླད་རྒྱབ་སྐྱོར་བྱེད་མཁན་ཚོགས་པ་རྙིང་ཤོས་གྲས་ཤིག་ཡིན་པ་དང་། དེང་རབས་ཀྱི་འགྱུར་བའི་ཁྲོད་བོད་ཀྱི་རང་དབང་འཐབ་རྩོད་ད་བར་ཉམས་མེད་ཅེས་དང་། དེ་བཞིན་གནའ་བོའི་རྒྱ་གར་གྱི་ཤེས་རིག་སླར་གསོ་གནང་རྒྱུའི་གལ་གནད། འཇིག་རྟེན་སྤྱི་ཡོངས་ཀྱི་འགན་ཁྲི། བོད་ཀྱི་གནད་དོན་ནི་འགྲོ་བ་མི་རིགས་ཀྱི་རྩ་དོན་ཡིན་སྐོར། བོད་ཀྱི་འཐབ་རྩོད་བདག་ཉིད་ཆེན་པོ་གྷན་དྷིའི་བདེན་པ་དང་འཚེ་བ་མེད་པའི་ཐབས་ལམ་བརྒྱུད་རྩོད་དགོས་སྐོར། དེ་བཞིན་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་བི་ཧཱར་མངའ་སྡེ་གཞུང་གི་སྐུ་ཚབ་འབུམ་རམས་པ་ནཱ་རེནྡྲ་པཱ་ཊག་ལགས་ཀྱིས་བི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤ་ཀུ་མཱར་མཆོག་གིས་འཕགས་བོད་འཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་དགུ་པར་གནང་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་།ཚོགས་འདུ་ཉིན་གཉིས་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་ཧིན་བོད་མཛའ་འབྲེལ་སྐོར་སྤྱི་ཚོགས་རིང་ལུགས་ཀྱི་འགོ་ཁྲིད་ཇ་ཡ་པྲ་ཀཤ་ནཱ་ར་ཡན་ (Jayaprakash Narayan) མཆོག་ནས་བཟུང་མཱ་དུ་ལ་མ་ཡེ་ (Madhu Limaye) མཆོག་གིས་དབུ་ཁྲིད་འོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འགོ་འཛུགས་ཀྱི་རྒྱབ་ལྗོངས་གནས་སྟངས་དང་། དེ་རྗེས་ཇོར་ཇི་ཕན་ནན་ཊས་ (George Fernandes) མཆོག་གིས་དབུ་ཁྲིད་གནང་ཚུལ་སོགས་ཀྱི་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་རྩོམ་པ་པོ་ཇོར་ཇི་ཨོར་ཝེལ་ (George Orwell) ལགས་ཀྱིས་བརྩམས་པའི་ ༡༩༨༤ ཞེས་པའི་དཔེ་དེབ་ཀྱི་སྒྲུང་དང་གཅིག་མཚུངས་སྒྲིག་འཛུགས་ཀྱིས་མི་མང་གི་རང་དབང་དང་མངོན་འདོད་ལ་དྲག་གནོན་ཤུགས་ཆེ་བྱེད་ཀྱི་ཡོད་ཅེས་དང་། དེ་ལས་འཕྲོས་ཏེ་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་དང་། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་གནང་གལ་ཆེ་བའི་སྐོར། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་དར་བས་འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་ཡིན་ཞེས་སོགས་གསུངས། གཞན་ཡང་ཚོགས་འདུ་ཉིན་གཉིས་པར་བི་ཧཱར་གཞུང་གི་གྲོང་གསེབ་ཡར་རྒྱས་དང་གྲོས་ཚོགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཤྲ་ར་ཝན་ཀུ་མཱར་ (Shravan Kumar) མཆོག་ཀྱང་ཕེབས་ཏེ་བོད་ཀྱི་བདེན་དོན་ཆེད་སྤྱི་ཚོགས་རིང་ལུགས་ཀྱི་འགོ་ཁྲིད་འབུམ་རམས་པ་རཱམ་མ་ནོ་ཧར་ལོ་ཧི་ཡ་ (Ram Manohar Lohia) མཆོག་དང་། ཇ་ཡ་པྲ་ཀཤ་ནཱ་རཱ་ཡན་མཆོག མ་དུ་ལི་མ་ཡ་མཆོག ཇོར་ཇི་ཕར་ནན་ཊས་མཆོག་སོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་དང་། ཁོང་རང་ངོས་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་ཡོད།
དེ་རྗེས་བོད་དོན་རྒྱབ་སྐྱོར་བ་དང་ཁྱད་མཁས་པ་ཝི་ཇེ་ཀྲ་རན་ཏི་ (Vijay Kranti) ལགས་ཀྱིས་དྲ་ཐོག་ནས་གསུང་བཤད་གནང་སྟེ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་བཙན་བཟུང་བྱས་ཚུལ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་གསལ་བཤད་གནང་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུའི་བརྗོད་སྙིང་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་འཇགས་ཞེས་པ་ཡིན་ཞིང་། བརྗོད་སྙིང་དེ་དང་འབྲེལ་ཏེ་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་བགྲོ་གླེང་དང་། དེ་བཞིན་དབུས་དང་མངའ་སྡེ། སློབ་ཕྲུག བུད་མེད་བཅས་ཀྱི་ལས་བསྡོམས་ཐོག་གྲོས་བསྡུར་ལྷུག་པོ་གནང་རྗེས་མ་འོངས་ལག་ལེན་འཆར་གཞི་གསལ་བསྒྲགས་བསྐྱངས་པ་དང་། ཚོགས་འདུའི་མཐའ་མར་ཚོགས་བཅར་བ་རྣམས་ནས་རཱཇ་གཱིར་གྲོང་ཁྱེར་དུ་བོད་དོན་དྲིལ་བསྒྲགས་ཀྱི་གོམ་བགྲོད་གནང་སྟེ་ཚོགས་འདུ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།