༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་ཚོས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ཉིན་མགོན་པོ་གང་ཉིད་མཆོག་གིས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཀོ་རི་ཡའི་ཆོས་གྲོགས་ཚོ་ལ་ཆོས་འབྲེལ་བྱེད་རྒྱུ་རེད། ཀོ་རི་ཡ་ནི་ཕ་མེས་ནས་ནང་ཆོས་བྱས་ནས་དོ་སྣང་ཆེན་པོ་ཡོད་པ་ཞིག་རེད་འདུག བར་སྐབས་ནས་ངོས་རང་ལྷོ་ལྷོ་ཀོ་རི་ཡ་དང་འབྲེལ་བ་གང་ཙམ་ཆགས་ཡོད་པ་མ་ཟད། ངོས་རང་ལྷོ་ཀོ་རི་ཡར་འཁྱུག་ཙམ་བསླེབས་པ་རེད། ཀོ་རི་ཡའི་མི་མང་ཚོ་དངོས་གནས་དྲང་གནས་སངས་རྒྱས་པའི་ཆོས་ལ་དད་པ་རྩེ་གཅིག་ཡོད་པ་རེད་འདུག དེ་རིང་ངོས་ལ་ཀོ་རི་ཡའི་ཆོས་གྲོགས་ཚོར་ཆོས་འབྲེལ་བྱ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་ལ་དམིགས་བསལ་དོ་སྣང་ཡོང་བཞིན་པ་དེ་ཧ་ཅང་ཡག་པོ་རེད།སྤྱིར་ཆོས་དད་རང་མོས་རེད། ཆོས་གང་བྱས་དང་མ་བྱས་སོ་སོ་སྒེར་གྱི་རང་དབང་རེད། ཆོས་ལུགས་འདྲ་མིན་ཡོད་པའི་ནང་རང་གི་མོས་པ་གང་ལ་ཡོད་ན་དེའི་ཐོག་ནས་སོ་སོའི་ཆོས་དེ་བྱེད་རྒྱུ་རེད། འཇིག་རྟེན་བཀོད་པ་འདོད་མཁན་གྱི་ཆོས་པ་ཚོས་འཇིག་རྟེན་བཀོད་པ་པོ་འདོད་པའི་ལྟ་གྲུབ་དེའི་ཐོག་ནས་བློ་རྩེ་གཅིག་ཏུ་དད་པ་བྱས་ཡོང་དུས་ཡག་པོ་ཡོད་པ་རེད། གང་ལྟར་ཆོས་ལུགས་ཚང་མར་ལྟ་གྲུབ་འདྲ་མིན་ཡོད་ནའང་ཆོས་ལུགས་ཚང་མས་སེམས་པ་བཟང་པོ་དང་མི་ལ་ཕན་སེམས་བྱེད་དགོས་པ། མི་ལ་གནག་སེམས་གནོད་སེམས་ཀྱི་བསམ་ངན་མི་བཅང་རྒྱུ་ཆོས་ལུགས་ཚང་མས་གསུང་གི་འདུག ཧ་ཅང་ཡག་པོ་རེད་འདུག ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པ་དང་ཆོས་ལུགས་ཚང་མར་བརྩི་བཀུར་བྱེད་ཀྱི་ཡོད། ངོས་ཀྱིས་ཆོས་ལུགས་འདྲ་མིན་གྱི་ཆོས་པ་ངོ་ཤེས་ཀྱི་ཡོད། དངོས་གནས་དྲང་གནས་སེམས་པ་བཟང་པོ་དང་སོ་སོ་སྒེར་གྱི་ངོས་ནས་ཆོག་ཤེས་བྱས། སྤྱི་ལ་ཕན་ཐོགས་བྱེད་རྒྱུའི་བསམ་བློ་ཡོད་པ་ཧ་ཅང་ཡག་པོ་རེད་འདུག ངོས་ཀྱིས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། གང་གལ་ཆེན་པོ་འདུག་ཅེ་ན། དེང་སང་ཆབ་སྲིད་ཀྱི་ཐོག་ནས་འཐེན་འཁྱེར་ཡོད་པ་ཙམ་དུ་མ་ཟད། ཆོས་ལུགས་ཀྱི་ཐོག་ནས་འཐེན་འཁྱེར་བྱེད་བཞིན་པ་དེ་འདྲ་ཡོང་བཞིན་ཡོད། དཔེར་ན། ཨབ་གྷ་ནི་སི་ཐན་ནང་དུ་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་བཞིན་པ་དེ་ཧ་ཅང་བློ་ཕམ་པོ་རེད་འདུག ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ནའང་མི་ལ་ཕན་སེམས་བྱེད་རྒྱུ་དང་། སྤྱི་ལ་ཞབས་འདེགས་སྒྲུབ་རྒྱུ་ཆོས་ལུགས་ཚང་མས་གསུང་གི་འདུག དེར་བརྟེན་ཆོས་ལུགས་ཚང་མ་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ལ་ཆ་བཞག་ན་ནང་པ་རེད་དེ་ཡི་ཤུ་དང་། ཁ་ཆེ། ཧིན་དུའི་མཆོད་ཁང་ནང་དུ་འགྲོ་ཡི་ཡོད་པ་མ་ཟད་ཆོས་ལུགས་འདྲ་མིན་ཚང་མར་གུས་ཞབས་བྱེད་ཀྱི་ཡོད།ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ནའང་བསླབ་བྱ་གཅིག་གྱུར་ཏེ་བསམ་པ་བཟང་པོ་བྱེད་དགོས་པ། སྤྱི་ལ་ཕན་སེམས་བྱེད་དགོས་པ་ཚང་མས་གསུང་གི་འདུག་པས་ཧ་ཅང་ཡག་པོ་རེད། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་རིང་འདིར་ཀོ་རི་ཡའི་ཆོས་གྲོགས་གཙོ་བོར་གྱུར་པའི་དོན་གཉེར་ཅན་རྣམས་ལ་ནང་ཆོས་ངོ་སྤྲོད་ཕྲན་བུ་ཞུ་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་།
ཀོ་རི་ཡའི་མཁན་པོའི་མཚོན་པའི་ཆོས་ཞུ་བ་ཡོངས་ནས་དམིགས་བསལ་གྱིས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། ངོས་ཀྱི་ཆོས་གྲོགས་ཀོ་རི་ཡའི་མཁན་པོ་དང་ངེད་གཉིས་ལོ་མང་ནས་ངོ་ཤེས་པ་རེད། དེ་རིང་སླར་ཡང་ཐུག་སྟེ་ངོས་ཀྱིས་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།དེ་རིང་ངོས་ཀྱིས་འདི་ཞུ་འདོད་བྱུང་། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་པའི་ཚིག་འདི་ཧ་ཅང་གནད་འགག་ཆེན་པོ་རེད། སྲིད་པ་ངོ་བོ་ཉིད་ཀྱིས་དག །ཅེས་པས་སྲིད་པ་ངོ་བོ་ཉིད་ཀྱིས་གྲུབ་མེད་པ་དང་། སྲིད་པ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཞིག་ཡིན་ནའང་ང་ཚོའི་བློར་ཆོས་གང་དང་གང་སྣང་ཡང་ངོ་བོ་ཉིད་ཀྱིས་གྲུབ་པར་སྣང་ཞིང་། སྣང་བ་ལྟར་དུ་ངོ་བོ་ཉིད་ཀྱིས་གྲུབ་པར་ཞེན་པའི་བློ་དེས་ཆགས་སྡང་བསྐྱེད་ཅིང་། བློ་དེས་ཕོང་གི་ཡོད། དེར་བརྟེན་ ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་པ་ལ་བསམ་བློ་འཁོར་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ཞེས་རང་བཞིན་གྱིས་གྲུབ་པའི་སྟོང་པ་ཤེས་ཏེ་བསམ་བློ་བཏང་བ་ཡིན་ན། ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་དུ་འགྲོ་བ་དང་། དེའི་རྐྱེན་གྱིས་ཆགས་སྡང་གི་བློ་ཤུགས་ཆུང་དུ་འགྲོ་གི་ཡོད། ངོས་ཀྱིས་ངོ་ཤེས་པའི་ཚད་རྡུལ་དངོས་ཁམས་རིག་པ་བ་ཁ་ཤས་ཀྱིས་ཕྱི་ནང་གི་ཆོས་གང་དང་གང་ཡིན་ནའང་ང་ཚོར་དོན་གྱི་ངོས་ནས་ཡོད་པར་སྣང་བ་དེ་སྣང་བ་ལྟར་དུ་གྲུབ་ཡོད་པ་མ་རེད། ཚང་མ་བློ་ཡིས་བཅོས་པ་ཙམ་རེད། ཅེས་བརྗོད་ཀྱི་འདུག དབུ་མའི་གཞུང་དུ། ཆོས་གང་དང་གང་ཡིན་ཡང་དོན་གྱི་ངོས་ནས་ཡོད་པར་སྣང་གི་ཡོད་ཀྱང་། སྣང་བ་ལྟར་དུ་གྲུབ་པ་མེད། ཅེས་གསུངས་ཡོད། དེའི་གནད་འགག་ནི་དོན་གྱི་ངོ་ནས་ཡོད་པ་ཞིག་སྣང་སྐབས་དེ་ལ་དམིགས་ནས་ཡིད་དུ་འོང་བ་ཞིག་སྣང་ན་ཆགས་པ་སྐྱེས། ཡིད་དུ་མི་འོང་བ་ཞིག་སྣང་ན་སྡང་སེམས་སྐྱེས་པའི་ཆགས་སྡང་གི་བློ་ཡོང་གི་ཡོད་པས་ཆགས་སྡང་གི་བློའི་གཞི་མ་ནི་ཨ་འཐས་ཀྱི་འཛིན་པས་བྱེད་ཀྱི་ཡོད།
མདོར་ན། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ཞེས་པའི་དོན་ནི་ཆོས་རྣམས་རང་བཞིན་གྱིས་གྲུབ་པའི་སྟོང་པའི་ངོ་བོ་ཡག་པོ་ཤེས་པ་ཡིན་ན། ཆོས་རྣམས་སྣང་བ་ལྟར་དུ་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཛིན་པ་དེ་ལ་གནོད་པའི་སྒོ་ནས་བདེན་འཛིན་ལ་གནོད་ཀྱི་ཡོད། དེ་ལྟ་བུའི་ཆོས་རྣམས་སྣང་བ་ལྟར་དུ་གྲུབ་མེད་པ་བཏགས་དོན་བཙལ་ན་མིང་བརྡས་གཞག་ཙམ་མ་གཏོགས་དོན་གྱི་ངོས་ནས་གྲུབ་པ་རྡུལ་ཙམ་མེད་པ་བློ་ལ་འཆར་ཡོང་སྐབས་ཆགས་སྡང་གི་བློ་མི་སྐྱེ་པ་ཆགས་ཀྱི་ཡོད།
རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། ཞེས་ཆོས་རྣམས་རང་བཞིན་གྱིས་གྲུབ་པའི་སྟོང་པར་ངེས་པའི་བློ་དེས་བདེན་འཛིན་ལ་ཐད་ཀར་གནོད་པའི་སྒོ་ནས་ཆགས་སྡང་གི་བློ་ཤུགས་ཆུང་དུ་འགྲོ་བ་དང་། དེ་དང་ཆབས་ཅིག་རང་གཞན་སུ་ཡིན་ཡང་ཨ་འཐས་ཀྱི་འཛིན་པས་ཕོང་ཡོང་བ་ཡིན་པས་ནམ་མཁའི་མཐར་གཏུགས་པའི་སེམས་ཅན་ཐམས་ཅད་འཁྲུལ་བའི་གཞན་དབང་དུ་མ་འགྲོ་བ་ཞིག་བྱུང་ན་བསམ་པའི་བརྩེ་བའི་བློ་དང་། དེ་ལྟ་བུའི་ཟབ་པ་སྟོང་ཉིད་ལ་བསམ་བློ་འཁོར་ཞིང་། དེས་དྲངས་ནས་གཞན་རྨོངས་པའི་གཞན་དབང་དུ་གྱུར་པ་སེམས་ཅན་རྣམས་ལ་སྙིང་ནས་མི་བཟོད་པའི་བརྩེ་བའི་བློ། སྟོང་ཉིད་ཀྱི་ལྟ་བས་བདེན་འཛིན་ལ་ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་དུ་གཏོང་བ་དང་ཆབས་ཅིག་བདེན་འཛིན་གྱི་གཞན་དབང་དུ་སོང་བའི་སེམས་ཅན་རང་དང་རང་འདྲ་བ་རྣམས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་པས་དེ་ལ་མི་བཟོད་པའི་སྙིང་རྗེའི་བློ་བཅས་སླེབ། དེའི་ཐབས་ཤེས་ཀྱི་ཉམས་ལེན་ཚང་མ་འདིའི་སྒང་ནས་ཡོང་གི་འདུག དེ་ལྟ་བུའི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་བྱེད་སྐབས་ཐེག་ཆེན་དང་ཐེག་དམན་གང་ལ་ཆ་བཞག་ནའང་། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བཅས་རིམ་བཞིན་མངོན་དུ་བྱེད་ཐུབ།
རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་ཆོས་གཟུགས་ཀྱི་སྐུ་ཟུང་དུ་སྦྲེལ་བའི་རྒྱལ་བའི་གོ་འཕང་ཐོབ་ཐུབ་པ་རེད། ཅེས་གསུངས་པ་རེད། སྲིད་པ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དེ་རྩ་ཆེན་པོ་དང་བཀའ་དྲིན་ཆེན་པོ་རེད་འདུག གལ་ཏེ་སྲིད་པ་ངོ་བོ་ཉིད་ཀྱིས་གྲུབ་ཡོད་ན་ང་ཚོའི་ཨ་འཐས་ཀྱི་འཛིན་པ་མེད་པ་བཟོ་ཐབས་མི་འདུག སྲིད་པ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ལ་བསམ་བློ་ཡག་པོ་བཏང་བ་ཡིན་ན་ཆགས་སྡང་གི་ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་དུ་འགྲོ་བ་དང་། ཆོས་རྣམས་རང་བཞིན་གྱིས་གྲུབ་པའི་སྟོང་པ་ཟེར་བ་ནི་དངོས་པོའི་གཤིས་ལུགས་བཤད་པ་ཙམ་དུ་མ་ཟད། ང་ཚོའི་སེམས་མ་རུངས་པ་དེ་ལས་རུང་དུ་བྱེད་པའི་གནད་འགག་དེར་ཐུག་འདུག
ལྷོ་ཀོ་རི་ཡར་མི་མང་འཚང་ཁའི་ཁྲོད་འདས་གྲོངས་སོང་པའི་ནང་མི་རྣམས་ལ་དམིགས་ཏེ་བཀའ་སློབ་སྩལ་དོན། གསར་འགྱུར་དུ་ཐོན་གསལ་ལ། ཉེ་ཆར་ལྷོ་ཀོ་རི་ཡར་མི་མང་ཧ་ཅང་འཚང་ཁ་བརྒྱབ་ནས་མི་ཁ་ཤས་འདས་གྲོངས་དང་། གང་ལྟར་ཤི་རྨས་སོང་བའི་གནས་ཚུལ་བཤད་ཀྱི་འདུག དེ་ཐབས་སྐྱོ་པོ་རེད། ང་ཚོ་ཚང་མས་འདས་གྲོངས་ཕྱིན་པ་ཚོའི་ནང་མི་རྣམས་ལ་སེམས་གསོའི་འཚམས་འདྲི་དང་། དེ་ལྟ་བུའི་གནས་ཚུལ་བྱུང་བ་ལ་བློ་ཕམ་པོ་བྱུང་། ང་ཚོའི་ནང་པའི་ཡུལ་གྲུ་ཞིག་ཏུ་དོན་དག་ཆུང་ས་ཞིག་གི་ཐོག་ནས་འཁྲུག་པ་བརྒྱབ་པ་ནི་ནང་པ་སྤྱིའི་ངོས་ནས་བཤད་ན་བློ་ཕམ་གྱི་རང་བཞིན་ཞིག་རེད། འདས་གསོན་ཚང་མར་ང་ཚོས་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །