༄༅།།འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ༸སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཡང་སྲིད་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་གི་ཆོས་ཞུགས་ཀྱི་རྟེན་འབྲེལ་མཛད་སྒོར་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཏུ་ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་ཆེད་ཕེབས་ཀྱིས་མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཚོུད་ ༥༌༣༠ ཐོག་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་རྗེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་ཚོགས་ཆེན་དུ་སྐྱབས་གནས་འདུས་ཚོགས་རྣམ་པས་བླ་མ་ཆོས་ཞུགས་ཚོགས་པ་དང་། སྐུ་མགྲོན་རྣམ་པ་ཚོགས་ཆེན་གྱི་ཡང་སྟེང་བཞུགས་ནས་མཉམ་ཞུགས་གནང་ཡོད།ཕྱི་ཚེས་ ༡༩ ཉིན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་འདུ་ཁང་དུ་ཐོག་མར་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་མཚམས། ༸སྐུའི་གཅེན་པོའི་ཡང་སྲིད་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་ལ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་དང་། བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། འབྲས་སྤུངས་ཁྲི་པ་མཆོག ཆོས་རིག་སྐུ་ཚབ་ཆོས་རིག་དྲུང་འཕར་འཕར་བདུད་འདུལ་རྡོ་རྗེ་ལགས། བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། གདན་སའི་གྲྭ་ཚང་ཁག་གི་མཁན་པོ་རྣམ་པས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ཆབས་ཅིག་རྟེན་འབྱུང་མཇལ་དར་ཕུལ། དེ་ནས་རིམ་བཞིན་ས་གནས་འགོ་འཛིན་གྱི་སྐུ་ཚབ་ལས་དྲུང་དང་། བླ་སྤྲུལ་རྣམ་པ། གྲྭ་ཚང་གི་སྐུ་ཚབ། ཚོགས་པ་ཁག་གི་སྐུ་ཚབ། སྐུ་འཁོར་དང་སྦྱིན་བདག དེ་བཞིན་དད་ལྡན་མང་ཚོགས་བཅས་ནས་རྟེན་འབྱུང་མཇལ་དར་ཕུལ་ཡོད་པ་བཅས།།