༄༅། །ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༩ ཉིན་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཌར་སྦན་ (Durban) ནང་རྟེན་གཞི་བྱས་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཁོར་ཡུག་ལས་འགུལ་བ་སོགས་མི་གྲངས་ ༥༠ ལྷག་ལ་བརྙན་སྟོན་འཕྲུལ་ཆས་ཀྱི་ལམ་ནས་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་གསུང་བཤད་གནང་ཡོད།
དེ་ཡང་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་ཇི་ལྟར་གལ་གནད་ཆེ་ཚུལ་དང་། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནང་ཡོད། སྐབས་དེར་ཚོགས་བཅར་བ་ཡོངས་ནས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བརྙན་སྟོན་འཕྲུལ་ཆས་ཀྱི་ལམ་ནས་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་སྐོར་གོ་རྟོགས་སྤེལ་གནང་བར་རྗེས་སུ་ཡི་རང་ཞུས་གནང་བ་དང་འབྲེལ་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་བོད་མཐོ་སྒང་གི་གཙང་པོ་རྣམས་ལ་བརྟེན་ནས་འཚོ་བཞིན་པའི་མི་གྲངས་ཐེར་འབུམ་ལྷག་ལ་ཤུགས་རྐྱེན་ཐེབས་བཞིན་པ་སོགས་ཀྱི་སྐོར་ཤེས་རྟོགས་ཆེན་པོ་བྱུང་སོང་ཞེས་གསུངས།།