༄༅། །གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན་ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཚེས་མགོ་ཙམ་ལ་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་རང་ལོ་ ༣༩ ཙམ་ཡིན་པ་ཁོང་ལ་ལོ་གཉིས་དང་ཟླ་དྲུག་གི་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་འདུག
དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ནི་རྔ་བ་རྫོང་གཅའ་ཁོག་ཕྱུགས་ལས་འགབ་མ་ནས་ཡིན་པ་དང་། ཕ་མིང་ལ་དགའ་ཚེ་དང་། མ་མིང་ལ་གནས་སྐྱིད་ཡིན་འདུག ཁོང་ཆུང་ངུ་དུས་ནས་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཡོད་འདུག་ཅིང་འདི་ལོའི་དབྱར་ཁར་རྔ་བ་ཀིརྟི་དགོན་པའི་ནང་ནས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཉེ་ཆར་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་པ་ཙམ་ལས་རྒྱུ་མཚན་ཅི་ཡིན་དང་། བཙོན་ཁང་གང་དུ་བཅུག་ཡོད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག
དེ་སྔོན་ཕྱི་ལོ་ ༢༠༡༡ ལོར་རྔ་བ་ཀིརྟི་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་ཟླ་མང་རིང་སྤེལ་བར་དང་ལེན་མ་བྱས་རྐྱེན་ཉིན་མང་པོར་བཀག་ཉར་བྱས་ཡོད་འདུག་ལ། ཁོང་གི་ཕ་མ་གཅིག་པའི་སྤུན་ཆུང་བ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ལགས་ཡང་དེ་སྔོན་བཙོན་བཅུག་བྱས་མྱོང་ཡོད་འདུག །