༄༅། །རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་ (NCERT) དང་ཨ་སམ་གྱི་ཤེས་རིག་ལྷན་ཁང་ཟུང་སྦྲེལ་གྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༢ ནས་ ༢༧ བར་རྒྱ་གར་བྱང་ཤར་གྷོ་ཧ་ཏིར་རྟེན་གཞི་བྱས་པའི་ཤེས་ཡོན་བསྟི་གནས་ (Srimanta Sankardev Kalakshetra) ཞེས་པར་རྒྱ་གར་རྒྱལ་ཡོངས་ཚན་རིག་དང་། རྩིས་རིག ཁོར་ཡུག་འགྲེམས་སྟོན་ཐེངས་ཞེ་བཅུ་ཞེ་དགུ་པ་ཚོགས་ཡོད་པ་ལྟར། བོད་སློབ་ཁོངས་ནས་སེ་ལ་ཀུའི་བོད་ཁྱིམ་དང་སྦེལ་ཀོབ་བོད་ཁྱིམ་གཉིས་ཀྱི་སློབ་ཕྲུག་ལྔ་མཉམ་ཞུགས་གནང་ཡོད།
དེ་ཡང་འགྲེམས་སྟོན་དངོས་གཞིར་མ་ཞུགས་སྔོན་བོད་མིའི་སྒྲིག་འཛུགས་ནས་བོད་སློབ་ནང་ཁུལ་ཚན་རིག་འགྲེམས་སྟོན་རིམ་པ་གཉིས་གནང་ཡོད་པ་དང་། རིམ་པ་དང་པོར་སློབ་གྲྭ་ནང་ཁུལ་འགྲེམས་སྟོན་དང་། དེ་ནས་རྩེ་ཕུད་བདམས་ཐོན་བྱུང་བ་རྣམས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༩ ནས་ ༡༢ བར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་བསྟི་གནས་ཁང་དུ་ཚོགས་པའི་བོད་སློབ་ཁག་གི་ཚན་རིག་དང་། རྩིས་རིག ཁོར་ཡུག་འགྲེམས་སྟོན་ཐེངས་ལྔ་པར་མཉམ་ཞུགས་ཀྱིས་འགྲེམས་སྟོན་གནང་ཡོད་པ་རེད། སྐབས་དེར་རྩེར་སོན་འགྲེམས་སྟོན་གསུམ་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་དང་སྦྱོང་བརྡར་ཁང་གི་གོ་སྒྲིག་ཞུས་པའི་རྒྱལ་ཡོངས་ཚན་རིག་དང་། རྩིས་རིག ཁོར་ཡུག་འགྲེམས་སྟོན་ཐེངས་ ༤༩ པར་བདམས་ཐོན་བྱུང་ཡོད།འགྲེམས་སྟོན་སྐབས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་དང་འབྲེལ་ལས་གཞན་རྣམས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ཤེས་རིག་ཚན་རིག་ཤེས་ཡོན་འགན་འཛིན་གྱིས་བོད་སློབ་ནང་ཁུལ་འགྲེམས་སྟོན་གོ་སྒྲིག་གནང་ཕྱོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག་རྒྱ་གར་གཞུང་དམངས་གཉིས་ནས་ལོ་ངོ་དྲུག་ཅུ་ལྷག་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བ་དང་། ཁྱད་པར་དུ་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་དང་སྦྱོང་བརྡར་ཁང་གིས་བོད་སློབ་ཁག་གི་སློབ་ཕྲུག་རྒྱལ་ཡོངས་འགྲེམས་སྟོན་ནང་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
རྒྱལ་ཡོངས་ཚན་རིག་དང་། རྩིས་རིག ཁོར་ཡུག་འགྲེམས་སྟོན་ཐེངས་ ༤༩ པའི་ཐོག་ཁྱོན་མངའ་སྡེ་གྲངས་ ༢༢ ནས་སློབ་ཕྲུག་ ༤༠༠ མཉམ་ཞུགས་ཀྱིས་འགྲེམས་སྟོན་ལྟེ་གནས་ཁག་ ༡༦༤ ནང་འགྲེམས་སྟོན་གནང་འདུག འགྲེམས་སྟོན་ཀྱི་དབུ་འབྱེད་མཛད་སྒོ་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་ཨ་སམ་གཞུང་གི་སྲིད་སྐྱོང་ཇག་དཱིཤ་མི་ཁཱི་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་ཨ་སམ་གཞུང་གི་ཤེས་རིག་བློན་ཆེན་རཇ་ནོཇ་པེ་གུ་ལགས་ཆེད་ཕེབས་གནང་འདུག་པ་བཅས།།