༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༨ དང་། ༢༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་བསྐོང་ཚོགས་གནང་ཡོད་པ་ལྟར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
གཞན་ཡང་ཚོགས་ཆེན་ཐོག་གནད་ཡོད་མི་སྣའི་ཁོངས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཱ་ནནྡ་ཀུ་མཱར་ལགས་དང་། གྲོས་ཚོགས་འཐུས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇཱིཏ་ཀུ་མཱར་ལགས། རྒྱ་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Sahyog Manch) ཞེས་པའི་སློབ་སྟོན་པ་སྐུ་ཞབས་ཨིནྡྲེཤ་ཀུ་མཱར་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ལགས་བཅས་ཕེབས་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་ལ་རྒྱ་གར་གཞུང་དང་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་གལ་ཆེ་བའི་སྐོར་དང་སྦྲགས་ཏེ། བོད་དོན་ལ་རྒྱབ་སྐྱོར་ཆེད་གཞུང་གི་ཐེ་བྱུས་དང་བསམ་བློ་ཁྱེར་གསོ་ཧ་ཅང་གལ་ཆེན་པོ་རེད། བོད་རྒྱའི་དཀའ་རྙོག་སེལ་བར་བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་གནས་བབ་ལ་ངོས་འཛིན་ཐོབ་ཐབས་བྱེད་རྒྱུ་དེ་གལ་གནད་ཆགས་ཡོད་པ་དང་། དེའི་སྐོར་ཤེས་འདོད་ཡོད་རིགས་ནས་མཧི་ཀལ་ཝན་ཝལཊ་ཝན་པ་རག་ལགས་ཀྱིས་བརྩམས་པའི་བོད་དོན་གནད་བསྡུས་ ༢༠།༢༠ (Tibet Brief 20/20) ཞེས་པ་དང་། རྒྱ་རིགས་སློབ་དཔོན་ཧོན་ཤང་ལའུ་ལགས་ཀྱིས་བརྩམས་པའི་དཔེ་དེབ་ཀློག་དགོས་པའི་རེ་སྐུལ་གནང་ཡོད། སྤྱིར་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་གནན་བྱེད་མཚམས་བཞག་ཀྱང་དབུས་གཞུང་གིས་བོད་དོན་ལ་མངོན་པར་མི་གསལ་བའི་ཐོག་ནས་རྒྱབ་སྐྱོར་བྱེད་པ་ལས་ཨ་རི་ལྟར་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་བྱ་རྒྱུ་མཚོན་པའི་ཆབ་སྲིད་ཐོག་ནས་རྒྱབ་སྐྱོར་མངོན་གསལ་དོད་པོ་བྱེད་ཀྱི་མེད་ཅིང་། གནད་དོན་དེ་དང་འབྲེལ་ཏེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་དཀར་ནག་གཉིས་དབར་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོའི་རང་བཞིན་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་བསམ་ཤེས་ཐུབ་ཀྱི་ཡོད་སྐོར་ངོ་སྤྲོད་གནང་དོན། ང་ཚོའི་རེ་བ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་བྱེད་ཀྱི་ཡོད་པས་ང་ཚོས་རྒྱ་གར་གཞུང་གིས་རང་གི་ཁེ་ཕན་བཞག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བའི་རེ་བ་འཆང་གི་མེད། རྒྱ་གར་གཞུང་གིས་ང་ཚོར་རྒྱབ་སྐྱོར་གང་གནང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་དང་། མཐའ་དོན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་དང་མངའ་སྡེའི་གཞུང་དམངས་ནས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག་གྲོས་ཚོགས་འཐུས་མི་སུ་ཇཱིཏ་ཀུ་མཱར་ལགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མས་དབུ་ཁྲིད་པའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་དོན་བརྩམས་གནང་བར་བསྔགས་བརྗོད་གནང་ཡོད་པ་རེད།
གྲོས་ཚོགས་འཐུས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇཱིཏ་ཀུ་མཱར་ལགས་ཀྱིས་རྒྱ་ནག་གི་ཁ་གཏད་གཅོག་པར་རྒྱ་གར་གཞུང་ངོས་ནས་ལངས་ཕྱོགས་བརྟན་དུ་གཏོང་དགོས་པའི་འབོད་སྐུལ་དང་། བོད་ཀྱི་རང་དབང་འཐབ་རྩོད་ཐོག་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་བ་དང་སྦྲགས། ཁོང་ཉིད་ཀྱིས་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་བསྣམས་པའི་སྐབས་རྒྱ་དཀར་ནག་བར་གྱི་ཆབ་སྲིད་ཀྱི་འབྲེལ་ལམ་ལ་བརྟེན་ནས་ཕྱིར་འཐེན་གནང་དགོས་བྱུང་ཚུལ་ངོ་སྤྲོད་དང་། དེ་བཞིན་ཁོང་གིས་ཚོགས་ཆེན་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་རིགས་ཀྱི་བདེ་དོན་སླད་སྐུ་ངལ་སྐྱོན་པར་བཀའ་དྲིན་རྗེས་དྲན་སླད་རྒྱ་གར་གཞུང་ངོས་ནས་བྷཱ་རཏ་རཏྣའི་གཟེངས་རྟགས་ཕུལ་དགོས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་འཕྲོད་བཞེས་དང་ཆིབས་སྒྱུར་དུས་ཚིགས་དང་བསྟུན་ནས་རྒྱ་གར་གྲོས་ཚོགས་སུ་གདན་འདྲེན་ཞུ་ཐབས་གནང་རྒྱུ་དང་། གཞན་ཡང་རྒྱ་གར་གཞུང་གིས་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་ཀྱི་ཁྲིམས་མཐུན་ཚབ་མཚོན་དུ་ངོས་འཛིན་གནང་བའི་རེ་སྐུལ་ཞུས་ཡོད། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཨཱ་ནནྡ་ཀུ་མཱར་ལགས་ཀྱིས་བོད་ཀྱི་རང་དབང་འཐབ་རྩོད་ཆེད་མཉམ་རུབ་ཀྱི་ནུས་པ་སྤུངས་དགོས་པའི་གལ་གནད་དང་འབྲེལ་ཏེ་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་གནང་སྐབས་གྲོས་ཚོགས་འཐུས་མི་སུའང་འཛུལ་ཞུགས་གནང་རྒྱུ་དང་། བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུར་གྲ་སྒྲིག་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་པ་དྲན་གསོ་གནང་བ་དང་། དཀའ་ངལ་དེ་དག་གི་ཁྲོད་འཕགས་བོད་མཛའ་འབྲེལ་ཚོགས་པ་བོད་དོན་ཆེད་བཙུགས་ཐུབ་པ་བྱུང་བ་མ་ཟད། མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་ནན་བརྗོད་གནང་། ཕྱོགས་མཚུངས་ཁོང་གིས་ཚོགས་བཅར་བ་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་གླེང་སློང་དང་གཞུང་ངོས་ནས་དེ་འབྲེལ་ལས་གཞི་སྤེལ་ཆེད་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཚོགས་ནང་བོད་དོན་གླེང་སློང་མང་བ་ཡོང་ཐབས་དང་། བོད་ཀྱི་རང་དབང་འཐབ་རྩོད་ལས་འགུལ་ལ་རྒྱབ་སྐྱོར་གྱི་སྲིད་བྱུས་ཀྱི་ཡིག་ཆ་གཏན་འབེབས་ཡོང་ཐབས་ལ་འབད་རྩོལ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།
སྐུ་ཞབས་ཨིནྡྲེཤ་ཀུ་མཱར་ལགས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ་དང་རྒྱ་གར་གྱི་ཁེ་ཕན་ལ་གཞིགས་ཏེ་རྒྱ་གར་གཞུང་ངོས་དང་རྒྱ་ནག་དང་འོས་འཚམས་ཀྱིས་འབྲེལ་གཏུགས་གནང་དགོས་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཐོག་མར་ཁྱབ་སྐབས་སྟངས་འཛིན་ཚུལ་བཞིན་མ་ཐུབ་པ་དང་། དེ་ལ་བརྟེན་ནས་མི་འབུམ་བརྒྱད་ཅུའི་ཚེ་སྲོག་ཤོར་བའི་འགན་རྒྱ་ནག་གཞུང་གིས་ཁྱེར་དགོས་ཞེས་སོགས་གསུངས་ཡོད།
ཉིན་གྲངས་གཉིས་རིང་གི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ནང་རྒྱ་གར་རྒྱལ་ཡོངས་ནས་ཚོགས་བཅར་བ་ ༢༠༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་གར་གྱི་བྱེད་སྒོ་གང་ཡོད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་གནད་དོན། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། ཨེ་ཤི་ཡར་བོད་ཀྱི་སྣོད་བཅུད་ཁོར་ཡུག་གི་གལ་གནད། རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཤུགས་ཆེར་གཏོང་ཐབས་ཇི་དགེའི་སྐོར་གྲོས་བསྡུར་གནང་གི་ཡོད།
ཐེངས་འདིའི་ཚོགས་ཆེན་དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མས་གོ་སྒྲིག་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་མཐུན་འགྱུར་སྦྱར་ཡོད་པ་བཅས།།