༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༨ ཉིན་མེག་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ཁེ་རོ་ཁེ་བྷི་རི་རཱ་ (Salvador Caro Cabrera) ལགས་ཀྱིས་མེག་སི་ཀོ་གྲོས་ཚོགས་སུ་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་གསལ་བསྒྲགས་གནང་ཡོད་པ་མ་ཟད། ཚོགས་པ་དེའི་ཚོགས་མི་རྣམས་མེག་སི་ཀོའི་གྲོས་ཚོགས་སུ་འདུ་འཛོམས་ཀྱིས་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་དྲུང་ཡིག་བཅས་འོས་བསྡུའི་ལམ་ནམ་བསྐོ་བཞག་གནང་སྟེ་ཡོངས་གྲགས་གནང་ཡོད།
སྐབས་དེར་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་མེག་སི་ཀོ་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་དུ་བཙུགས་པའི་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་དགའ་བསུའི་འཚམས་འདྲི་གནང་བའི་གསུང་འཕྲིན་རྣམས་སྒྲོགས་སྦྱང་ཞུས་གནང་ཡོད་པ་མ་ཟད། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་འགྲེལ་བརྗོད་ཞུས་པ་དང་འབྲེལ་མེག་སི་ཀོའི་གཞུང་དང་། མེག་སི་ཀོའི་གྲོས་ཚོགས་འཐུས་མི་རྣམ་པ། དེ་བཞིན་མི་མང་སོགས་ནས་ཕྱིའི་གནོན་ཤུགས་ལ་མ་ལྟོས་པར་བོད་དོན་སླད་བློ་སྟོབས་ཆེ་བསྐྱེད་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།མེག་སི་ཀོའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་མཱར་ཀོ་ཀཱ་རམ་ (Marco Antonio Karam) ལགས་ཀྱིས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་ཚོགས་པ་དེ་འདྲ་ཞིག་བཙུགས་ཐུབ་པར་ཧ་ཅང་དགའ་ཚོར་བྱུང་བའི་སྐོར་གསུངས་པ་དང་འབྲེལ་བོད་མིའི་རིག་གཞུང་ཕྱུག་པོ་དེ་དག་མི་ཉམས་རྒྱུན་འཛིན་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས།
སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་། མཱར་ཀོ་ཀཱ་རམ་ (Marco Antonio Karam) ལགས། ལཱ་ཊིན་ཨ་མི་རི་ཀའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་པ་ཊེ་རེ་ལུ་ཛི་(TereLuz Flores) ལགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Tibet MX) འབྲེལ་མཐུད་པ་རེ་མུན་ཌོ་ཛེལ་ཌི་ཝར་ (Raymundo Zaldivar) ལགས་བཅས་མེག་སི་ཀོའི་གྲོས་ཚོགས་འོག་མའི་ནང་མགྲོན་འབོད་གནང་བ་ལྟར་ཆེད་བཅར་ཞུས་གནང་ཡོད། སྐབས་དེར་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ ༥༠༠ ཙམ་འཛོམས་ནས་སྔོན་རྩིས་སྐོར་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་། སྐུ་ཞབས་སལ་ཝ་ཌོར་ཁེ་རོ་ཁེ་བྷི་རི་རཱ་ (Salvador Caro Cabrera) ལགས་ཀྱིས་གྲོས་ཚོགས་སུ་མེག་སི་ཀོའི་གྲོས་ཚོགས་འཐུས་མི་ ༡༩ ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་སྐོར་ངོ་སྤྲོད་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་བ་གཞན་རྣམས་གྲོས་ཚོགས་སུ་ཕེབས་བསུའི་སྣེ་ལེན་གནང་བ་དང་། སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་གྲོས་ཚོགས་སུ་ངོ་སྤྲོད་གནང་ཡོད་པ་བཅས།།