༄༅། །འདི་གར་བོད་ཀྱི་ཟློས་གར་ཚོགས་པ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས ༣༠ ཉིན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཇི་ལྟར་གདན་ཞུས་བཞིན། ཁྲིག་སེ་རིན་པོ་ཆེ་ཤར་སྤྲུལ་ངག་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་གིས་ཆེད་འཛུགས་གནང་བའི་བྱམས་པ་སེམས་ཅན་ལྟ་སྐྱོང་ཁང་ལས་འཆར་སླད་དཔལ་འབྱོར་འདུ་འགོད་ཀྱིས་དགོང་ཚོགས་ཤིག་བསྐོང་ཚོགས་གནང་བ་ལྟར། བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མིན་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཉིན་ཟློས་གར་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་སྐུ་མགྲོན་གཙོ་བོ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཁྲིམས་ཞིབ་པ་བཀྲ་ཤིས་རྒྱལ་མཚན་ལགས་དང་ཕྱག་རོགས་རྣམ་པ། དེ་བཞིན་རྒྱ་ཆེའི་མང་ཚོགས་བཅས་ལ་འཚམས་འདྲི་ཞུས་ཏེ་ལ་དྭགས་དང་བོད་ནི་གནའ་རབས་ནས་ཆོས་རིག་གང་ཐད་ནས་འབྲེལ་ལམ་བཟང་པོ་ཡོད་སྟབས། དེ་སྔ་ནས་འཁྲབ་སྟོན་དུ་ངོ་བཅར་ཞུས་མྱོང་ཡང་། ཕྱི་ལོ་ ༢༠༡༤ ནས་ད་བར་ལོ་ངོ་བརྒྱད་ཙམ་རིང་དངོས་སུ་བཅར་མ་ཐུབ་པར་བརྟེན་ད་ལམ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་འོག་བོད་ཀྱི་རིག་གཞུང་འཁྲབ་སྟོན་སྐོར་བསྐྱོད་དུ་བཅར་ཐུབ་པ་བྱུང་བར་ཐུགས་རྗེ་ཆེ་ཞེས་དང་།
བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་ལམ་ནས་མཛའ་གཅུགས་ཀྱི་ཟམ་པ་སྔར་ལྷག་བྱུང་བ་དང་། ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་སྐུ་མགྲོན་གྱིས་གཙོས་གཟིགས་མོ་བ་རྣམས་ཀྱི་མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་ཏེ་མང་ཚོགས་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་གང་ལེགས་གནང་བྱུང་། མཐར་བོད་ཀྱི་ཟློས་གར་འགན་འཛིན་གྱིས་སྐུ་མགྲོན་གཙོ་བོ་སྡེ་དཔོན་ཆེན་མོ་ཁྲིམས་ཞིབ་པ་བཀྲ་ཤིས་རྒྱལ་མཚན་ལགས་དང་ཕྱག་རོགས་རྣམས་ལ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་གྲགས་པ་རྔོན་པའི་སྦག་ཅིག་ཕྱགས་རྟགས་སུ་ཕུལ།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡ ཉིན་ལ་དྭགས་ལ་སྤྱི་དང་བོད་ཁྱིམ་ངེས་སྟོན་པ་བཅས་ནས་ཇི་ལྟར་རེ་འདུན་ཞུས་པ་བཞིན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་དང་བགྲེས་སོང་རྒན་རྒོན་བཅས་ཁྱོན་མི་གྲངས་ཆིག་སྟོང་ལ་ཚོུད་གཅིག་རིང་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཏེ་རྒྱ་ཆེའི་མང་ཚོགས་ལ་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་གལ་གནད་དང་ཁྱད་ཆོས་སོགས་མཚོན་པར་བྱས་ཡོད།ཞོགས་པ་འཁྲབ་སྟོན་གྲུབ་རྗེས་དགོན་ཚུལ་ཁྲིམས་རྣམ་དག་གླིང་དུ་ (ཁྲིག་སེ་དགོན་པ།) ཁྲིག་སེ་རིན་པོ་ཆེ་ཞལ་མཇལ་དུ་བཅར་སྐབས་ཟློས་གར་འགན་འཛིན་གྱིས་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་ཞིང་བསྟན་པ་དང་འགྲོ་དོན་འགེགས་མེད་ལྷུན་འགྲུབ་ཡོང་སླད་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་རིན་པོ་ཆེ་ཞིག་ཕྱག་རྟགས་སུ་ཕུལ་ཏེ་འཁྲབ་སྟོན་པ་རྣམས་ནས་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་རྔོན་པའི་འདོན་གཟིགས་འབུལ་ཞུས། འཁྲབ་སྟོན་པ་འགའ་ཤས་ཀྱིས་གསུང་ཐར་རྣ་བའི་བུ་རམ་རེ་ཕུལ་པ་དང་། གཞས་སྣ་འཁྲབ་སྟོན་ཞུས་གྲུབ་མཚམས་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་གལ་གནད་དང་། ཡང་སྒོས་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་གྱི་ཐུན་མིན་རིག་གཞུང་དེ་ཉིད་རྒྱལ་ཁབ་གཞན་སུས་ཀྱང་ལད་ཟློས་དང་འཁྲབ་སྟོན་བྱེད་ཐབས་བྲལ་བས་དེ་དག་རྒྱུན་འཛིན་དང་གཅེས་སྐྱོང་གང་ལེགས་གནང་དགོས་པའི་བཀའ་སློབ་བཟང་པོ་ཕེབས་གནང་།དེའི་དགོང་མོར་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་མཐུན་འགྱུར་རམ་འདེགས་འོག་ལ་དྭགས་ཁུལ་གྱི་རྒྱ་ཆེའི་བོད་རིགས་ཚོར་བོད་ཁྱིམ་ཚོགས་ཁང་དུ་ཚོུད་གཉིས་རིང་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གཟིགས་འབུལ་ཞུས་ཀྱང་ནམ་ཟླ་གྲང་ངར་ཧ་ཅང་ཆེ་ནའང་སྒྱུ་རྩལ་པ་རྣམས་ཀྱི་ལྷག་བཅས་ཆེ་བསྐྱེད་ཀྱིས་བོད་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གྱི་ལམ་ནས་ངོ་སྤྲོད་གང་ལེགས་ཞུས་ཡོད་པ་དང་། མང་ཚོགས་ནས་ཀྱང་དགའ་ཚོར་ཆེན་པོའི་བསྔགས་བརྗོད་ཀྱིས་ཐལ་མོ་བརྡབས་ཏེ་བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་ཡར་གཏོད་བྱས་པ་མངོན་བྱུང་། འཁྲབ་སྟོན་གྲུབ་མཚམས་ཟློས་གར་འགན་འཛིན་མཆོག་གྱིས་སྐུ་མགྲོན་གཙོ་བོ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཆེན་པོ་ཁྲིམས་ཞིབ་པ་བཀྲ་ཤིས་རྒྱལ་མཚན་ལགས་དང་ཁོང་གི་སློབ་སྟོན་པ། དེ་བཞིན་ཕྱག་རོགས་ལས་བྱེད་རྣམས་ལ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་གྲགས་པ་རྔོན་པའི་སྦག་ཅིག་ཕྱག་རྟགས་སུ་ཕུལ་པ་དང་། དེའི་དགོང་མོར་ལ་དྭགས་ལ་སྤྱི་དང་ལ་དྭགས་ནང་གི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ཐུན་མོང་ནས་གསོལ་ཚིགས་གཟབ་རྒྱས་ཤིག་འདེགས་འབུལ་གནང་སོང་།ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢ ཉིན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཆེད་དམིགས་ཀྱིས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སྲིད་སྐྱོངགི་སློབ་སྟོན་པ་ཨུ་མངྒ་ནཱ་རུ་ལཱ་ (
ཉིན་གྲངས་ལྔ་རིང་ལ་དྭགས་སུ་འཁྲབ་སྟོན་སྐོར་བསྐྱོད་ལས་འཆར་གྲུབ་པ་ཉེ་བའི་སྐབས་ཏེ་ཕྱི་ཚེས་ ༢ ཉིན་གྱི་དགོང་མོར་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་སྐར་མ་ལྔ་ཅན་གྱི་གསོལ་མགྲོན་ཁང་དུ་གསོལ་ཚིགས་གཟབ་རྒྱས་འདེགས་འབུལ་གནང་སྟེ་འཁྲབ་སྟོན་པ་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་ཕྱག་རྟགས་རེ་གནང་།
མཐར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་གྱིས་ལ་དྭགས་དབུས་འཛིན་མངའ་ཁུལ་དང་དམིགས་བསལ་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཉིས་ལ་ཐུགས་རྗེ་ཆེ་ཞུས། ཡང་སྒོས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཐོག་ཐུགས་སྣང་ཆེན་པོས་ལ་དྭགས་ས་ཁུལ་དུ་ས་མཆོང་གནམ་མཆོང་གིས་གོ་སྐབས་བཟང་པོ་གནང་སྟེ་སྒྱུ་རྩལ་གྱི་ལམ་ནས་ལ་དྭགས་ཡུལ་མི་དང་མི་མང་དབར་ཉེ་རིང་ཆགས་སྡང་མེད་པར་འབྲེལ་ལམ་བཟང་པོ་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞེས།
མདོར་ན། ཐེངས་འདིའི་ཕྱོགས་བསྐྱོད་འཁྲབ་སྟོན་དེས་བོད་ཀྱི་ཐུན་མིན་ཟློས་གར་སྒྱུ་རྩལ་ངོ་སྤྲོད་གང་ལེགས་བྱུང་ཞིང་ཡུལ་མི་དང་འབྲེལ་ལམ་བཟང་པོ་བརྒྱུད་རིག་གཞུང་གི་བསམ་བློ་བརྗེ་ལེན་བགྱིས་ཏེ་སྤྱི་ཚོགས་ནང་ཞི་བདེ་བག་ཕེབས་དང་། འཆམ་མཐུན་འོ་ཆུ་གཅིག་འདྲིས་འོག་ལེགས་སྤེལ་ཉེས་འགོག་ལྟ་བུའི་ཕན་འབྲས་གཅིག་རྗེས་གཉིས་མཐུད་བྱུང་སོང་བས། སླད་མར་དེ་ཕྱོགས་ནས་ཀྱང་རིག་གཞུང་བརྗེ་རེས་ཀྱི་ལས་དོན་ཇི་སྙེད་ཅིག་བྱུང་ཚེ་མུ་མཐུད་བཅར་འཆར་ཡོད་པ་བཅས་བློ་བདེ་ཡིད་ཚིམས་པ་ཞིག་བྱུང་སོང་། །