༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཝེ་ལ་ཌོ་མི་རོ་སེ་ཝིག་ (Vlado Mirosevic) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་ཕུལ་གནང་བའི་ནང་འཁོད་དོན། སྐུ་ཉིད་ཧ་ཅང་འོས་ཤིང་འཚམས་པ་ལྟར་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན།
འདི་ལོ་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་པའི་སྐབས་སྐུ་ཉིད་དང་མཇལ་འཕྲད་བྱུང་བས་ཧ་ཅང་དགའ་པོ་བྱུང་། ཅི་ལཱིའི་གྲོས་ཚོགས་འོག་མའི་འཐུས་མི་རྣམ་པ་དང་། ལྷག་པར་སྐུ་ཉིད་ཀྱིས་འགན་ཁུར་གནང་བའི་ཐོག་ཅི་ལཱིའི་བོད་ཀྱི་གྲོགས་པོ་རྣམ་པས་འདས་པའི་ལོ་ངོ་མང་པོའི་རིང་བོད་མིའི་བདེན་པའི་འཐབ་རྩོད་ལ་གཡོ་བ་མེད་པར་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ང་ཚོའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཡིན་པའི་ཆ་ནས་སྐུ་ཉིད་ནས་མུ་མཐུད་ཅི་ལཱི་དང་བོད་དབར་མཛའ་གྲོགས་ཀྱི་འབྲེལ་ལམ་གོང་མཐོར་བཏང་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུར་ཐུགས་འགན་གཙོ་བོ་བཞེས་རྒྱུ་ཡིན་པ་ཕྲན་རང་ཉིད་ལ་གདེང་ཚོད་ཡོད། ངས་མ་འོངས་པར་གང་མགྱོགས་སྐུ་ཉིད་ལ་དངོས་སུ་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུ་ཐུབ་པའི་གོ་སྐབས་ཤིག་འཐོབ་པར་རེ་ལྟོས་བྱེད་ཀྱི་ཡོད། ལས་ཡུན་རིང་སྐུ་ཉིད་ཀྱི་ལས་དོན་རྣམས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་བཅས།།