༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༣ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཤིས་ལོངས་ས་གནས་ཀྱི་བོད་མི་མང་ཚོགས་ལ་གསུང་བཤད་དང་། དེ་བཞིན་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་གྲངས་ཐོ་ཧ་ཅང་གལ་ཆེན་པོ་རྩི་ཡི་ཡོད། བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་འགུལ་བརྩམས་ཡོད། ང་ཚོའི་མི་རབས་རྒན་པ་རྣམས་ཀྱིས་བོད་མིའི་རྩ་དོན་ཆེད་དུ་སྐུ་ལས་ཧ་ཅང་བསྐྱོན་གནང་ཡོད་སྟབས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་བཅར་སྐབས་ཁོང་རྣམ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། བཙན་བྱོལ་བོད་མིའི་གཞིས་ཆགས་ཁ་ཐོར་ནས་གནས་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ནས་དྲ་ལམ་བརྒྱུད་འཛིན་སྐྱོང་བྱེད་རྒྱུར་འབད་བརྩོན་ཞུ་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་དགོངས་པ་གང་ཡིན་པ་ཤེས་རྟོགས་དགོས་པ་གལ་ཆེན་པོ་རེད། ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ལས་དོན་བསྒྲུབས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ངེས་ཡིན་པ་སོགས་ཀྱི་སྐོར་གསུངས།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་གྱི་སྐོར་དང་། དེ་དག་གི་ཁྱབ་ཁོངས་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ངོ་སྤྲོད་གནང་བ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་ནག་གཞུང་གིས་དེ་སྔ་ཆ་རྐྱེན་བཏོན་ཡོད། ཆ་རྐྱེན་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་ཐའེ་ཝན་གཉིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་གསུང་དགོས་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་ལོ་རྒྱུས་ཉམས་ཞིབ་པ་མིན། ལོ་རྒྱུས་དེ་ལོ་རྒྱུས་ཉམས་ཞིབ་པར་གཞག་ཤོག ད་ལྟ་གལ་ཆེ་ཤོས་དེ་བོད་མི་རིགས་ཀྱི་ཕུགས་འདུན་དེ་རེད་ཅེས་བཀའ་ལན་སྩལ་གནང་ཡོད། ཅེས་དང་།
ཉམས་ཞིབ་པ་སྐུ་ཞབས་མ་ཡི་ཀེལ་ཝན་ཝལ་ཊ་ཝན་པ་རག་ (Michael van Walt van Praag) ལགས་དང་། སློབ་དཔོན་ལིག་ཧན་ཁྲིན་ (Lau Han Shiang) ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་ཉམས་ཞིབ་གནང་འབྲས་ལྟར་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པའི་ནན་བརྗོད་གནང་ཡོད། རྒྱ་ནག་གིས་རྗོད་བཞིན་པ་ལྟར་ཁྱེད་རང་ཚོས་ཀྱང་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་གསུངས་པ་ཡིན་ན། རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་རེད་ཅེས་ང་ཚོ་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་རྗོད་ཀྱི་ཡོད། རྒྱལ་སྤྱིའི་ཁྲིམས་དང་འགལ་ལུགས་དེ་བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བཙན་དབང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཞག་ཏུ་བཅུག་ཡོད། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་གྲོས་མཐུན་དོན་ཙན་བཅུ་བདུན་ཟེར་བའི་ཡིག་ཆ་དེ་གཅིག་བུ་མ་གཏོགས་མེད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ལོར་ཆབ་མདོ་དབང་བསྒྱུར་བྱས་པའི་རྗེས་བཙན་དབང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་བཅུག་ཡོད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་པ་ཡིན་ན་རྒྱལ་ཁབ་གཅིག་གིས་བཙན་དབང་གིས་རྒྱལ་ཁབ་གཞན་དབང་བསྒྱུར་བྱས་པའི་རྗེས་སུ་ཆིངས་ཡིག་བཞག་པ་ཡིན་ན་ཆིངས་ཡིག་དེ་ནུས་མེད་ཆགས་ཀྱི་ཡོད། རྒྱལ་སྤྱིའི་ཁྲིམས་ལག་བསྟར་བྱེད་དགོས་ན་འཛམ་གླིང་ཡོངས་རྫོགས་ལ་གཅིག་གྱུར་གྱིས་ལག་བསྟར་གནང་དགོས་པ་རེད་མ་གཏོགས་བོད་གཅིག་པུ་དམིགས་བསལ་བཏང་ནས་གཞག་རྒྱུ་མེད་ཅེས་འགྲེལ་བཤད་རྒྱག་གི་ཡོད། ཕྱོགས་གཅིག་ནས་ཁྱེད་རང་ཚོས་བོད་རྒྱ་ནག་གི་ཤས་རེད་ཅེས་གསུང་གི་འདུག ཕྱོགས་གཞན་ཞིག་ནས་ཁྱེད་རང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་གྲོས་མོལ་གནང་བ་ཡིན་ན། དེར་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་གསུང་གི་འདུག དེ་གཉིས་འགལ་ཟླ་ཆགས་ཀྱི་འདུག་ཅེས་ཞུ་ཡི་ཡོད། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་རྒྱུའི་ཁྲིམས་མཐུན་གྱི་གནས་བབ་མེད་སྟབས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་དུ་འཇུག་གི་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་མཐུན་འགྱུར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ནས་ ༢༣ བར་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་ཐུབ་ཡོད་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ནང་ལོ་རྒྱུས་ཐོག་ཐེངས་དང་པོ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་རང་བཙན་ཡིན་པའི་བྱུང་རབས་ཀྱི་མཁས་པའི་ཉན་ཞིབ་ཚོགས་འདུ་ཚོགས་ཐུབ་ཡོད་ལ། ཉན་ཞིབ་ཀྱི་ཚོགས་འདུ་དེ་ཚོགས་པ་ལ་བརྟེན་ནས་ཨ་རིའི་གྲོས་ཚོགས་ཀྱི་དེབ་ཐེར་ནང་བོད་དེ་སྔ་མོ་ནས་རང་བཙན་ཡིན་པ་བཀོད་ཚར་བ་རེད། དེ་བཞིན་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་ཞིག་གཏན་འབེབས་གནང་རྒྱུ་ལྷག་ཡོད། ཁྲིམས་འཆར་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་དང་བྱེད་བཞིན་པ་འགྲིག་གི་མེད་པ་དང་། བོད་ནི། ད་ལྟ་ཡིན་ནའང་དཀའ་རྙོག་སེལ་མེད་པའི་གནས་སྟངས་འོག་ལྷག་ཡོད་པ་འཁོད་ཡོད། ང་ཚོ་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་འཐོབ་ཆེད་ལོ་རྒྱུས་ཐོག་བོད་རང་བཙན་གྱི་གནས་བབ་དེ་བསྒྲུབ་དགོས་པ་དང་ངོས་འཛིན་དགོས་པའི་སྐོར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བཤད་ཀྱི་ཡོད། བོད་པས་ངེས་པར་བོད་པའི་ལོ་རྒྱུས་ལ་ལྟ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས།།