༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། གྲྭ་འཇིགས་མེད་རྒྱ་མཚོ་ལགས་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་སོང་རུང་ཁྲིམས་ཐག་བཅད་མེད་པར་བཀག་ཉར་འོག་གནས་མུས་ཡིན་འདུག
དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༦ པའི་ནང་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་མ་ཁག་གཅིག་གིས་སློབ་མཐར་ཕྱིན་པའི་མཛད་སྒོ་སྐབས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་དང་རོགས་པ་ཁག་གཅིག་གིས་སྙན་རྩོམ་དཔེ་དེབ་འགྲེམས་སྤེལ་གནང་རྗེས་མཚོ་སྔོན་ཞིང་ཆེན་ཉེན་རྟོག་མི་སྣས་ཕྱི་ལོ་ ༢༠༢༡ ཧོར་ཟླ་ ༥ ཚེས་ ༡ ཉིན་ཤིང་བཟའ་དགོན་པ་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ཤེས་གསལ་ལ་ད་ལྟའི་ཆར་ཁོང་ཁྲིམས་ཐག་བཅད་མེད་པར་ལོ་གཅིག་ལྷག་རིང་བཀག་ཉར་འོག་གནས་མུས་ཡིན་འདུག
གྲྭ་འཇིགས་མེད་རྒྱ་མཚོ་ལགས་ནི་ཡུལ་རྐན་རྫོང་། མདོ་གསུམ་ཤང་། ཐོང་སྐོ་སྡེ་བ་ནས་ཡིན་པ་དང་། ཁོང་གི་སྨྱུག་མིང་ལ་ནུབ་རླུང་ཟེར་ཞིང་། རྒྱུན་དུ་ཁོང་ལ་ནུབ་རླུང་ཞེས་འབོད་ཀྱི་ཡོད་འདུག ཁོང་ད་ལྟ་རང་ལོ་ ༣༦ ཙམ་ཡིན་སྐད་འདུག ཁོང་ལ་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༡ ཉིན་ལྷོ་ཁ་འཕྱོངས་རྒྱས་སྲིད་གཞུང་གི་གོ་སྒྲིག་འོག་བོད་མདོ་དབུས་ཁམས་གསུམ་ནས་ཐུ་བྷོད་སྙན་ངག་མཁས་པའི་འགྲན་སྡུར་ནང་རྩོམ་ཡིག་གི་བྱ་དགའ་ཐོབ་མྱོང་ཡོད་འདུག་པ་བཅས། །