༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༠ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འབུམ་སྡེ་ལ་ཁུལ་གྱི་འཚམས་གཟིགས་ལེགས་པར་གྲུབ་སྟེ་རྟ་དབང་ཕྱོགས་སུ་ཕེབས་ཐོན་གྱིས་ཕྱི་དྲོ་སེ་ལ་ས་གནས་སུ་ཕེབས་འབྱོར་སྐབས་ཨ་རུ་ན་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལྷན་ཁང་གི་འགན་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་ (Jambey Wangdi, Chairman of the Department of Karmik & Adhyatmik Affairs) ལགས་ཀྱིས་དགའ་བསུའི་སྣེ་ལེན་དང་། དེ་རྗེས་རྟ་དབང་མངའ་སྡེའི་གཞུང་གི་མགྲོན་ཁང་དུ་ཕེབས་འབྱོར་སྐབས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཚེ་རིང་བཀྲ་ཤིས་ལགས་དང་། ས་གནས་རྫོང་དཔོན་སྐུ་ཞབས་སྐལ་བཟང་དངོས་གྲུབ་ལགས། དེ་བཞིན་ས་གནས་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༡༡ རེས་གཟའ་པ་སངས་ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐུབ་བསྟན་བཤད་སྒྲུབ་གླིང་དང་རྟ་ཞོལ་བསྟན་འགྱུར་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་གཉིས་ཁབ་ཏུ་བཞེས་ཤིང་། བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་གཉིས་ཀྱིས་རང་རང་གི་ཡུལ་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་ཇོ་བོ་ཤཱཀྱ་མུ་ནེ་བོད་ལ་བསྣམས་ནས་ཕེབས་ཡོད། དེ་རྗེས་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་བལ་སོགས་ནས་པཎྜི་ཏ་མང་པོ་སྤྱན་དྲངས་ཏེ་སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་གནང་བ་མ་ཟད། བཀའ་མདོ་རྒྱུད་མང་པོ་བོད་སྐད་དུ་བསྒྱུར་ཡོད། བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་མི་ཚོས་ད་བར་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་གནའ་བོའི་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད། བོད་ཀྱི་རྒྱལ་པོ་གླང་དར་མ་བཀྲོངས་རྗེས་བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་ཡང་སྔོན་གྱི་བླ་ཆེན་རྣམ་པས་སྐུ་ལས་བསྐྱོན་པར་བརྟེན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་བྱུང་ཡོད། ཅེས་གསུངས།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱིར་བཏང་བོད་དང་མོན་ཡུལ་དབར་སྔ་མོ་ནས་འབྲེལ་བ་གཏིང་ཟབ་བྱུང་ཡོད། དེ་བཞིན་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་མོན་ཡུལ་དབར་དམིགས་བསལ་གྱི་འབྲེལ་བ་བྱུང་ཡོད། ནུབ་ལ་དྭགས་དང་ཤར་མོན་ཡུལ་གྱི་ས་ཁུལ་བར་ང་ཚོ་ཆོས་དང་རིག་གཞུང་སོགས་གཅིག་པ་ལྟ་བུ་རེད། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་ཆུ་དྭངས་མོ་བརྒྱུད་རྟ་དབང་དགོན་པར་ཆིབས་སྒྱུར་བསྐྱངས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་པོ་རྟ་དབང་དགོན་དུ་བསྐྱངས་གནང་ཡོད། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཏེཛ་པུར་ནས་མ་སུ་རིར་ཆིབས་སྒྱུར་བསྐྱངས་པ་དང་། དེ་ནས་རྡ་སར་ཆིབས་སྒྱུར་བསྐྱངས་ཡོད། ད་བར་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༣ ཙམ་འགྲོ་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཚགས་ཚུད་བྱུང་ཡོད། ཅེས་གསུངས།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཨིན་ཡུལ་གྱིས་བོད་ལ་དམག་འཁྲུག་བརྒྱབ་སྟབས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཕྱི་ལོ་ ༡༩༠༤ ལོར་སོག་ཡུལ་ལ་ཉེན་ཡོལ་དུ་ཕེབས་དགོས་བྱུང་ཡོད་པ་དང་། རྒྱ་ནག་གིས་བོད་ལ་དམག་འཁྲུག་བརྒྱབ་པའི་རྐྱེན་གྱིས་ཕྱི་ལོ་ ༡༩༠༩ ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་གར་ལ་ཆིབས་སྒྱུར་བསྐྱངས་དགོས་བྱུང་ཡོད། ལོ་གཉིས་ཀྱི་རྗེས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་གར་ནས་བོད་ལ་ཞབས་སོར་འཁོད་ཐུབ་པ་བྱུང་ཡོད། བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་རྒྱ་གར་ནང་ལོ་མང་གནས་སྡོད་བྱེད་རྒྱུ་ཡིན་པ་བསམ་བློའི་ཡུལ་ལ་ཡོད་པ་མ་རེད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བཀའ་སློབ་རིམ་པ་ཕེབས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་ཟུར་པ་ཞིང་གཤེགས་ཇཝཱ་ཧར་ལལ་ནེཧ་རུ་མཆོག་མཇལ་འཕྲད་བྱུང་རྗེས་རྒྱ་གར་གྱི་སྲིད་བློན་ཟུར་པ་ཞིང་གཤེགས་ཇཝཱ་ཧར་ལལ་ནེཧ་རུ་མཆོག་གིས་རྒྱ་གར་གྱི་སྤྱི་ཁྱབ་བློན་ཆེན་རྣམས་ལ་འཕྲིན་ཡིག་གནང་བ་དང་། དེ་ལ་བརྟེན་ནས་རྒྱ་གར་གྱི་སྤྱི་ཁྱབ་བློན་ཆེན་རྣམ་པའི་མཐུན་འགྱུར་འོག་རྒྱ་གར་གྱི་མངའ་སྡེ་སོ་སོ་ནས་བཙན་བྱོལ་བོད་མི་རྣམས་ལ་གཞིས་ཆགས་ཀྱི་ས་ཞིང་གནང་བ་བཞིན་བཙན་བྱོལ་བོད་མི་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་ཏེ་གཞིས་ཆགས་དང་། དགོན་སྡེ། སློབ་གྲྭ་ཁག་བཙུགས་ཏེ་བོད་མིའི་ཆོས་དང་རིག་གཞུང་བཅས་པ་ད་བར་མི་ཉམས་རྒྱུན་འཛིན་བྱས་དང་བྱེད་བཞིན་ཡོད། ཅེས་དང་།
གཞན་ཡང་ནང་ཆོས་ཤེས་པ་ཙམ་གྱི་མི་འགྲིག་པར་གཙོ་བོ་ཉམས་ལེན་ཡག་པོ་གནང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་དང་བཀའ་ཆོས་དེ་དག་ལ་སློབ་སྦྱོང་བྱེད་དགོས་པ། ནང་ཁུལ་གཅིག་ཕན་གཅིག་གྲོགས་བྱེད་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས།།