༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༡ ཉིན་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཕྱི་ཟླ་ ༡༡ ནང་ཨོསྟྲེ་ལི་ཡཱ་གྲོས་ཚོགས་སུ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་དང་། ཐག་གཅོད་དེ་ནི་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ལྕམ་སྐུ་སུ་སན་ཊམ་པལ་མན་(Susan Templeman) མཆོག་དང་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་གཉིས་དབར་མཇལ་འཕྲད་སྐབས་བྱུང་ཡོད། ཚོགས་འདུ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༠༦ ནང་ཨོསྟྲེ་ལི་ཡའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་གྲོལ་རྗེས་ཨོསྟྲེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོག་གནང་གི་ཡོད།
ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཛོ་བྷེ་ཌི་ཧྥོར་ཌི་ (Dr. Zoe Bedford) ལགས་ཨོསྟྲེ་ལི་ཡཱ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ལྕམ་སྐུ་སུ་སན་ཊམ་པལ་མན་མཆོག་གི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ལྕམ་སྐུ་སུ་སན་ཊམ་པལ་མན་མཆོག་བསྐྱར་དུ་ཨོསྟྲེ་ལི་ཡཱ་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད་པ་མ་ཟད། འབྱུང་འགྱུར་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ཨོསྟྲེ་ལི་ཡཱའི་རྒྱལ་ས་ཁེན་བྷེ་ར་ཁུལ་དུ་བོད་དོན་ཞུ་གཏུག་གནང་ཕྱོགས་སྐོར་འགྲེལ་བརྗོད་ཞུས་གནང་ཡོད།གཞན་ཡང་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༠ ཉིན་ཨོསྟྲེ་ལི་ཡཱའི་རི་སྔོན་པོ་ཁུལ་དུ་ཡོད་པའི་བོད་རིགས་ཚོགས་པར་འཚམས་གཟིགས་གནང་ཡོད་པ་དང་། སྐབས་དེར་རི་སྔོན་པོ་བོད་རིགས་ཚོགས་པའི་སྐུ་ཚབ་དགེ་འདུན་ཚེ་རིང་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དགོང་དྲོ་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་རི་སྔོན་པོ་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་སྐབས་གཙོ་བོ་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་དང་། བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ། སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་པའི་གལ་གནད་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་སྟབས། བཙན་བྱོལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་དགོས་པའི་གལ་གནད་སྐོར་གསུངས་ཡོད།
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ས་གནས་རི་སྔོན་པོའི་གྲོང་སྡེ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ལོ་ལྟར་བོད་མིར་རྒྱབ་སྐྱོར་མཚོན་ཆེད་དུ་གྲོང་སྡེ་ལས་ཁུངས་ཀྱི་ཕྱི་ལོགས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་ཡོད་པར་རྗེས་སུ་ཡི་རང་གནང་ཡོད་པ་བཅས།།