༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་མཛད་སྒོ་དང་བསྟུན་སྨན་ཁང་གི་འགོ་ལས་ཡོངས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།
དེ་ཡང་ཐོག་མར་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བདེ་ལེགས་སྨན་ཁང་གི་ལས་བསྡོམས་དང་། བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་བའི་བདེ་ལེགས་སྨན་ཁང་གི་ལོ་རྒྱུས། མི་ལོ་ལྔ་བཅུའི་སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུ་ཞེས་པའི་ཕྱག་དེབ་ཀྱི་པར་ཕུད་དང་། སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་སོགས་ཀྱིས་རིམ་པས་སྐུ་གསུང་ཐུགས་རྟེན་འབུལ་ལམ་གྱིས་བདེ་ལེགས་སྨན་ཁང་གི་ལས་བྱེད་ཡོངས་ཀྱིས་མཇལ་ཁ་ཞུས་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། མི་མང་མཆོག་དམན་དབྱེ་བ་མེད་པར་ཚང་མར་ཕན་ཐོགས་ཆེན་པོ་ཡོད་པར་བརྟེན་བདེ་ལེགས་སྨན་ཁང་ལ་བསྟེན་གཏུགས་བྱེད་མཁན་ཚང་མའི་ཚབ་བྱས་ཏེ་ངོས་ཀྱིས་ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།བདེ་ལེགས་སྨན་ཁང་དུ་སྨན་པར་བསྟན་ནས་ཧ་ཅང་ཕན་ཐོགས་བྱུང་ཞེས་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་འདུག ཁྱོད་རང་ཚོས་ད་དུང་མུ་མཐུད་རོགས། མ་གཞི་སྨན་ཁང་གང་ས་གང་དུ་ཡོད་པ་ཚང་མ་གཅིག་མཚུངས་རེད་དེ། ངོས་རང་སྡོད་ས་དང་འཕགས་པ་ཝ་ཏི་བཟང་པོའི་སྐུ་འདིར་བཞུགས་ཡོད་པའི་ཐོག་ནས་ཁྱོད་རང་ཚོའི་སྨན་ཁང་འདི་དམིགས་བསལ་ཆགས་ཀྱི་ཡོད། ཁྱོད་ཚོས་དུས་རྒྱུན་ནད་པར་ལྟ་རྟོག་བྱེད་པ་དེ་སྔར་བཞིན་ཧུར་ཐག་བྱེད་ཤོག་ཨང་།
ངོས་ཀྱིས་སྨོན་ལམ་བརྒྱབ་ཡོང་། ཁྱོད་རང་ཚོས་སྒྲོལ་མའི་སྐུ་འདི་རྟེན་ལ་ཉར་ནས་སྒྲོལ་མའི་གཟུངས་སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་རྒྱུན་དུ་བགྲང་ནས་ནད་པར་ལྟ་བའི་སྐབས་སུའང་བགྲང་པ་ཡིན་ན་ཕན་ཐོགས་ཡོད། སེམས་སྐྱིད་པོར་སྡོད། སེམས་ཀྱི་གཏིང་དུ་ང་ཚོ་བཙན་བྱོལ་དུ་བསྡད་པའི་སྐབས་སུ་བདེ་ལེགས་སྨན་ཁང་གི་ལས་ཀ་བྱས་ཏེ། ལས་དགེ་བ་ཤུགས་ཆེན་པོ་བསགས་ཡོད་བསམ་པ་ཞིག་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་འདི་སྤྱན་རས་གཟིགས་ཀྱི་སྐུ་རློན་པ་ལྟ་བུ་རེད། འདིའི་དྲུང་དུ་ཡོད་པའི་ས་གནས་ཀྱི་ནད་པར་ལྟ་རྟོག་བྱེད་དུས་དམིགས་བསལ་གྱིས་ཁྱད་ཆོས་ཤིག་ཡོད་པ་རེད། མཁྱེན་སོང་ངམ། འཕགས་པ་སྤྱན་རས་གཟིགས་ཀྱིས་དུས་རྟག་ཏུ་གཟིགས་ཀྱི་ཡོད་བསམ་ནས་བློ་བདེ་པོ་བྱོས། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་ཆགས་ཡོད། ཝ་ཏི་བཟང་པོ་འཕགས་པ་སྤྱན་རས་གཟིགས་སྐུ་དངོས་ཆགས་ཡོད་པ་དང་། ངོས་རང་དཀོན་གཉེར་ལྟ་བུར་བསྡད་ཡོད། ཝ་ཏི་བཟང་པོས་བྱིན་རླབས་གནང་བ་མ་གཏོགས་གསུང་མི་འབྱོན་པས་ངོས་རང་ཝ་ཏི་བཟང་པོའི་སྐུ་ཚབ་བྱས་ཏེ་སྐད་ཆ་བཤད་མཁན་ཆགས་ཡོད། ཁྱེད་རང་ཚོ་ཚང་མ་སེམས་སྐྱིད་པོ་དང་བློ་བདེ་པོ་བྱོས། ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་གྱི་རེད་བསམ་པ་ཞིག་དང་། ད་ལྟ་ང་ཚོ་བོད་ཀྱི་གནས་སྟངས་འདི་དཀའ་ངལ་ཡོད་པ་ཞིག་རེད། འོན་ཀྱང་འགྱུར་བ་ཏན་ཏན་འགྲོ་གི་རེད།
ངོས་ཀྱིས་ངོ་ཤེས་པ་བོད་ནང་གི་གཙུག་ལག་སློབ་གྲྭའི་དགེ་རྒན་ཞིག་གིས་བཤད་མྱོང་། ཆབ་སྲིད་ཀྱི་ཐོག་ནས་བོད་རྒྱ་ནག་གིས་དབང་བསྒྱུར་ཡོད། མ་འོངས་པར་ཆོས་ཕྱོགས་ཀྱི་ཐོག་ནས་རྒྱ་ནག་དབང་བསྒྱུར་ཐུབ་པ་ཞིག་ཆགས་ཀྱི་རེད་ཟེར། དེ་ཡིན་པ་ལྟ་བུ་འདུག དེང་སང་རྒྱ་ནག་ཏུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཚོས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་དམིགས་བསལ་གྱིས་དགའ་པོ་བྱེད་ཀྱི་འདུག གང་ལྟར་བོད་ཀྱི་བདེན་མཐའ་གསལ་བ་ཞིག་ཏན་ཏན་ཡོང་གི་རེད། ཁྱོད་ཚོ་བཙན་བྱོལ་ལ་ཡོད་པའི་སྐབས་སུ་བྱས་རྗེས་བཞག་པའི་བོད་མི་ཆགས་ཡོད། ཕྱིན་ཆད་ང་ཚོ་གཟི་བརྗིད་ལྡན་པའི་ཐོག་ནས་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་འཆར་བའི་སྐབས་སུ་ཁྱོད་ཚོས་སྤོབས་པ་བྱས་ཏེ་ཐུག་ཆོག་པ་ཞིག་རེད། བློ་བདེ་པོ་བྱོས། ཞེས་བཀའ་སློབ་སྩལ། །