༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༥ རེས་གཟའ་ལྷག་པ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ནཱ་ལེནྡྲའི་སློབ་དཔོན་ཆེན་མོ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་ཉིན་མཐའ་མར་མཇུག་ཏུ་དགེ་བ་བྱང་སེམས་སྡོམ་པ་འབོག་ཆོག་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན། དེ་རིང་ཐེངས་འདིའི་ཆོས་འབྲེལ་ཉིན་མཐའ་མ་ཆགས་ཡོད། དེ་རིང་འདིར་ཁྱོད་ཚོ་གཙོ་བོ་ཐའེ་ཝན་ནས་ཕེབས་པའི་ཆོས་ཚོགས་ཀྱི་མི་སྣ་རྣམས་དང་། འདིའི་གཡས་གཡོན་ནས་དད་མོས་ཀྱི་ཐོག་ནས་འཛོམས་པ་མང་པོ་ཞིག་ཡོད་པས་མཇུག་ཏུ་དགེ་བ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་བྱེད་དགོས་དྲན་བྱུང་། ངོས་ལ་མཚོན་ན་ཉིན་རེ་བཞིན་སྨོན་ལམ་བརྒྱབ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་གྱི་ཡོད། བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ན་རྩ་ལྟུང་བཅོ་བརྒྱད། ཉེས་བྱས་ཞེ་དྲུག་ཡོད།རྩ་ལྟུང་བཅོ་བརྒྱད་ནི། བདག་བསྟོད་གཞན་སྨོད་ཆོས་ནོར་མི་སྟེར་ཞིང་། །བཤགས་ཀྱང་མི་ཉན་ཐེག་ཆེན་སྤོང་བ་དང་། །དཀོན་མཆོག་དཀོར་འཕྲོག་ཆོས་སྤོང་ངུར་སྨྲིག་འཕྲོག །མཚམས་མེད་ལྔ་དང་ལོག་ལྟ་གྲོང་སོགས་འཇོམས། །མ་སྦྱངས་སྟོང་ཉིད་བསྟན་དང་རྫོགས་བྱང་ལྡོག །སོ་ཐར་སྤོང་དང་ཉན་སྨོད་ཟབ་བརྫུན་སྨྲ། །མཆོག་གསུམ་དཀོར་ལེན་ཁྲིམས་ངན་འཆའ་སེམས་གཏོང་། །ཉེས་དམིགས་མི་བལྟ་སྤྱོད་འདོད་མ་ལོག་དང་། །དགའ་མགུ་ངོ་ཚ་ཁྲེལ་མེད་ཀུན་དཀྲིས་བཞི། །ཞེས་རྩ་ལྟུང་བཅོ་བརྒྱད་ལ་ཀུན་དཀྲིས་བཞི་ཚང་ན་རྩ་ལྟུང་ཆ་ཚང་ཆགས་ཀྱི་ཡོད། ཀུན་དཀྲིས་བཞི་ཆ་ཚང་མ་ཚང་ན་རྩ་ལྟུང་རང་མ་ཡོང་བ་ཞིག་རེད། འོན་ཀྱང་བྱང་ཆུབ་སེམས་དཔའི་རྩ་ལྟུང་ནི་གཞི་ལྕི་ཤོས་ཆགས་པ་རེད། ང་ཚོ་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉམས་བཞེས་གནང་སྟེ་སྤངས་རྟོགས་མཐར་ཕྱིན་པའི་ལམ་གཙོ་བོ་བྱང་ཆུབ་ཀྱི་སེམས་ང་ཚོས་ཉམས་ལེན་བྱེད་རྒྱུ་གཙོ་བོ་ཆགས་ཡོད། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ཉམས་ལེན་བྱས་ཏེ་གྲངས་མེད་གསུམ་གྱི་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་དུས་ད་ལྟའང་གསུང་གི་འོད་ཟེར་འཛམ་གླིང་ཀུན་ལ་ཁྱབ་ཡོད། དེར་བརྟེན་ང་ཚོས་ཉིན་རེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་རྒྱུ་བྱུང་ན་ཧ་ཅང་ཕན་ཐོགས་ཆེན་པོ་རེད། བཤད་མ་ཐག་པ་ལྟར་ངོས་ཀྱིས་ཉིན་རེ་བཞིན་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་གྱི་ཡོད་ལ་སྔགས་ཀྱི་སྡོམ་པའང་ལེན་གྱི་ཡོད། དེར་བརྟེན་དེ་རིང་འདིར་མཇུག་ཏུ་དགེ་བ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་བྱེད་དགོས་དྲན་བྱུང་། ཞེས་བཀའ་སློབ་སྩལ་རྗེས་སྔོན་ལ་རྣམ་འགྲེལ་ལེའུ་གཉིས་པའི་བཤད་ལུང་གི་འཕྲོ་ལེགས་པར་སྩལ་ཏེ་བཀའ་སློབ་སྩལ་དོན། སྤྱོད་འཇུག་གི་ཚིག་རྣམས་ཧ་ཅང་རྣོ་བོ་རེད། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་འཛམ་གླིང་གི་བཀྲ་མི་ཤེས་པ་ཚང་མ་ང་ཞེས་སོ་སོའི་བདེ་སྐྱིད་གཙོ་བོར་བརྩིས་པ་དེ་ཡིས་ཡོང་གི་ཡོད། ཅེས་དང་།
འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། འཛམ་གླིང་འདིར་བདེ་སྐྱིད་དང་བཀྲ་ཤིས་པ་ཚང་མ་གཞན་ལ་ཕན་པའི་བརྩེ་བའི་བློ་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། ཅེས་དང་། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་སངས་རྒྱས་བཅོམ་ལྡན་འདས་དང་ཁོང་གི་རྗེས་འབྲངས་སེམས་དཔའ་ཆེན་པོ་ཚོས་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་ནས་ཞེ་ས་མ་ཞུས་ན་ཐུགས་རྒྱུད་རིམ་བཞིན་བཏུལ་ནས་ས་ལམ་གྱི་རྟོགས་པ་རིམ་པར་བགྲོད་པ་ཞིག་བྱུང་བ་རེད། ང་ཚོར་རང་གཅེས་འཛིན་དབུས་སུ་སྒོམ་ནས་ལྷ་ཅིག་སྒོམ་ནའང་རང་གཅེས་འཛིན། སྟོང་ཉིད་ཅིག་སྒོམ་ནའང་རང་གཅེས་འཛིན། བྱང་ཆུབ་ཀྱི་སེམས་སྒོམ་ནའང་རང་གཅེས་འཛིན་ཕུགས་སུ་བཞག་ནས་སྒོམ་པ་ཞིག་ཆགས་ཀྱི་ཡོད། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པ་དེ་རེད།
གང་ལྟར་གཞན་གཅེས་པར་འཛིན་པ་ནི་ཆོས་ཀྱི་བསླབ་བྱ་གཙོ་བོ་ཞིག་རེད་ལ། གཞན་དོན་སྒྲུབ་པ་ནི་འཇིག་རྟེན་མི་ཆོས་ཀྱི་ཐོག་ནས་ཀྱང་ཧ་ཅང་ཡག་པོ་ཞིག་རེད། དེར་བརྟེན་ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་སྟེ་སེམས་པ་བཟང་པོ་དང་། ཀུན་ལ་ཕན་འདོགས་ཐུབ་པ་ཞིག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། བདག་གཞན་གཉིས་ལས་གཞན་གལ་ཆེན་པོར་བརྩི་བའི་བསམ་བློ་ཞིག་མེད་པ་ཡིན་ན་སྲིད་པ་འཁོར་བ་ལ་འཁོར་བའི་རིང་དུ་ཡིན་ནའང་བདེ་སྐྱིད་ཡོང་མི་ཐུབ། ཆོས་ཁས་མི་ལེན་མཁན་གྱི་མི་ཞིག་ཡིན་ནའང་རང་གཅིག་པུར་བསམ་བློ་བཏང་ནས་བསྡད་ན་བདེ་སྐྱིད་ཡོང་ཐབས་མེད་པས་ག་ཚོད་ཐུབ་ཐུབ་ཀྱིས་རང་གི་ཁོར་ཡུག་དང་། ལྷག་པར་མི་སྐྱོ་པོའི་རིགས་ལ་བསམ་པ་རྣམ་དག་གིས་རོགས་པ་བྱས་ན་བདེ་སྐྱིད་ཀྱི་རྩ་བ་ཆགས་ཡོད།
ང་ཚོ་ད་རེས་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་བྱང་ཆུབ་སེམས་དཔའི་ཆོས་སྐོར་འདི་ལྟ་བུ་ཞིག་ལ་མཇལ་བ་རེད། སེམས་གཏིང་ནས་རང་གཅེས་འཛིན་ཤུགས་ཆུང་དུ་གཏོང་མ་ཐུབ་ནའང་སྐྱོན་དུ་མཐོང་བ་ཞིག་དང་། གཞན་གཅེས་འཛིིན་དེ་ཡོན་ཏན་ཞིག་ཏུ་མཐོང་བ་ཞིག་ང་ཚོར་ཡོང་རྒྱུ་ཡོད་པ་རེད། འདི་ཧ་ཅང་སྐལ་བ་བཟང་པོ་རེད། གཞན་གཅེས་པར་འཛིན་པ་ནི་རྒྱུ་མཚན་ལྡན་པ་ཞིག་དང་ཚད་མའི་ལམ་ནས་ངེས་པ་རྙེད་ཐུབ་པ་ཞིག་ལ་བསམ་བློ་བཏང་བ་ཡིན་ན། གཞན་ལ་གཅེས་པར་བཟུང་ནས་གཞན་དོན་སྒྲུབ་པ་ལ། སྔོན་ལ་གཞན་ཕུང་བར་བྱེད་པ་ནི་བདེན་འཛིན་གྱིས་བྱེད་ཀྱི་ཡོད་པ་དང་། རང་གཅེས་འཛིན་གྱིས་བྱེད་ཀྱི་ཡོད་པ་མཐོང་སྐབས་སྟོང་ཉིད་ཀྱི་ལྟ་བར་རང་ཤུགས་ཀྱིས་འབད་བརྩོན་བྱེད་དགོས། འཛམ་གླིང་འདིར་སོ་སོ་གཅིག་པུར་བསམ་བློ་བཏང་ནས་བསྡད་ན་རང་དོན་ཧ་ཅང་ཁོག་བཅུག་ཅན་ཞིག་འདུག་ཅེས་བཤད་ཀྱི་རེད། ག་ཚོད་ཐུབ་ཐུབ་ཀྱིས་གཞན་དོན་ལ་བསམ་བློ་བཏང་ན་ཡག་པོ་ཡོད། དེ་ལྟ་བུའི་བློ་དེ་ག་ཚོད་ཐུབ་ཐུབ་ཀྱིས་ནུས་པ་ཆེ་རུ་འགྲོ་བའི་ཐབས་ནི་སྟོང་ཉིད་ཀྱི་ལྟ་བ་རེད། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཉིན་རེ་བཞིན་དུ་ཉམས་ལེན་གྱི་མཐིལ་དུ་བཟུང་ནས་བྱེད་དགོས། ང་ཚོ་བོད་དུ་ལྷ་གཅིག་སྒོམ་གྱི་ཡོད། སྔགས་ཤིག་བགྲངས་ཀྱི་ཡོད་ཟེར་བ་ཚང་མས་བཤད་ཀྱི་ཡོད་ཀྱང་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་འཛིན་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་ཞུ་བའི་དྲི་བ་ཁག་ལ་བཀའ་ལན་སྩལ། །