༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་སྐབས་ཕོ་བྲང་གི་རྒྱལ་སྒོ་རུ་ཐའེ་ཝན་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་མི་སྣས་སྤོས་སྣེས་མདུན་བསུ་དང་བཅས་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཐའེ་ཝན་གྱི་དགེ་འདུན་གཙོས་པའི་ཐའེ་ཝན་ནས་ཕེབས་པའི་སེར་སྐྱ་མི་མང་བྱིངས་ཀྱིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་མཚུངས་ཆོས་ཞུ་བ་ཡོངས་ཀྱིས་བོད་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་རྒྱ་སྐད་ཐོག་མཎྜལ་གསུང་འདོན་དང་གསོལ་ཇ་འདེགས་འབུལ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་གི་ལུང་ནི་རྣམ་འགྲེལ་ལེའུ་གཉིས་པ་རེད། རྒྱུད་ལས། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པ་མཆོག་ནི་བྱེད་པ་ཡིན།། ཞེས་གསུངས་པ་འདི་ཡིས་སེམས་ལ་སྤོབས་པ་སླེབས་པ་ཞིག་འདུག ང་ཚོ་འཚོ་གོས་གནས་མལ་ཆ་ཚང་རྟེན་ས་སྲིད་པ་འཁོར་བ་འདི་རེད། སྐབས་སུ་བབ་པ་འཛམ་གླིང་འདི་རེད། དེ་མ་བརྟག་མ་དཔྱད་པའི་ངང་ནས་ཚུགས་ཐུབ་པ་ལྟ་བུ་ཞིག་བློ་ལ་ཤར་ཀྱང་། བརྟག་ཅིང་དཔྱད་ན་ངོ་བོ་ཉིད་ཀྱིས་གྲུབ་པ་གཏན་ནས་མེད་པ་རེད། ངོ་བོ་ཉིད་ཀྱིས་གྲུབ་པ་ཞེས་ཆོས་ཅན་ཁོ་རང་གི་ངོས་ནས་ང་ཚོར་གྲུབ་ཡོད་པ་ཞིག་སྣང་ཡང་སྣང་བ་ལྟར་དུ་ཆོས་ཅན་ཁོ་རང་གི་ངོས་ནས་གྲུབ་ཡོད་པ་ཞིག་གཏན་ནས་མི་འདུག་པས། སྲིད་པ་ངོ་བོ་ཉིད་ཀྱིས་དག། ཅེས་པ་རེད།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། ཞེས་པ་ནི་དེ་ལྟ་བུའི་ཆོས་ཅན་སྣ་ཚོགས་པའི་རང་བཞིན་ལ་བསམ་བློ་ཡག་པོ་ཞིག་བཏང་ནས་ཤེས་པ་ཡིན་ན། དེ་ལ་ཕྱིན་ཅི་ལོག་པར་རྟོག་པའི་བདེན་པར་འཛིན་པའི་བདེན་འཛིན་མེད་པར་བཟོ་ཐུབ་གི་རེད། ཅེས་གསུངས་པ་རེད། ཆོས་རྣམས་རང་བཞིན་གྱིས་གྲུབ་པ་ཞིག་ལ་ཨུ་ཚུགས་བརྒྱབ་ནས་རང་བཞིན་གྱིས་མེད་པ་རེད་ཟེར་གྱི་མེད། ཆོས་ཅན་ངོ་བོ་ཉིད་ཀྱིས་གྲུབ་ཡོད་པ་མ་རེད། ད་འོ་ན་ངོ་བོ་ཉིད་ཀྱིས་མ་གྲུབ་པ་རེད་ཅེས་རང་དགར་བཞག་པ་ཡིན་ན་ཐལ་ཆ་གང་ཡང་མི་འདུག་ཅེ་ན། དེ་མ་ཡིན་པར་ཆོས་རྣམས་ངོ་བོ་ཉིད་ཀྱིས་མ་གྲུབ་པར་གདོད་ནས་དག་པ་ཤེས་པ་ཡིན་ན་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་མེད་པ་ཆགས་ཀྱི་རེད། ཕྱིན་ཅི་ལོག་པའི་བློ་བདེན་འཛིན་གྱིས་ཆགས་སྡང་གི་རྩ་བ་བྱེད་ཀྱི་ཡོད། ཉོན་མོངས་ཀྱི་རྩ་བ་བྱེད་ཀྱི་ཡོད། དེར་བརྟེན། རྩ་བ་ཤེས་རབ་ལས། ལས་དང་ཉོན་མོངས་ཟད་པས་ཐར།། ལས་དང་ཉོན་མོངས་རྣམ་རྟོག་ལས།། ཞེས་བདེན་འཛིན་གྱི་འཁྲུལ་བའི་བློ་ཡིས་ཉོན་མོངས་སྐྱེས་ཀྱི་ཡོད་པ་རེད་ཅེས་གསུངས་པ་རེད། དེ་ལ་ཧ་ཅང་བསམ་བློ་གཏོང་རྒྱུ་འདུག ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་ཆགས་སྡང་གི་བློ་སྐྱེ་བཞིན་ཡོད། ཆགས་སྡང་གི་བློ་སྐྱེ་སའི་ཡུལ་དེ་བློ་ལ་ཇི་ལྟར་ཤར་གྱི་འདུག ཕར་ངོས་ནས་ཡོད་པ་ཚུགས་ཐུབ་པ་ཞིག་བློ་ལ་ཤར། དེ་ཚུགས་ཐུབ་ཏུ་གྲུབ་པ་ལྟར་དུ་ཡོད་པ་རེད་བསམ་ནས་ཡིད་དུ་འོང་བ་ལ་ཆགས་པ་དང་། ཡིད་དུ་མི་འོང་པ་ལ་སྡང་བ་སྐྱེས་པ་ཡོང་གི་ཡོད།
དེར་བརྟེན། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། ཞེས་པ་ནི་ངོ་བོ་གདོད་ནས་དག་པ་དང་རང་ངོས་ནས་མེད་པར། གང་ཡིན་པ་རིགས་པས་སྒྲུབ་ནས་སྣང་བ་ལྟར་དུ་གྲུབ་ཡོད་པ་མ་རེད་བསམ་པ་བློ་ལ་ངེས་པ་རྙེད་པའི་ཚེ། དོན་སྟེང་ནས་ཡོད་པར་འཛིན་པའི་བློའི་དབང་གིས་བྱུང་བའི་ཆགས་སྡང་གི་བློ་རྣམས་ཆུང་དུ་འགྲོ་གི་ཡོད། ཅེས་གསུངས། འདི་ནི་དམིགས་བསལ་ཆོས་ཀྱི་སྐད་ཆ་མིན་པར་དངོས་ཡོད་གནས་ཚུལ་བཤད་ཀྱི་ཡོད། དཔེར་ན། ང་ཚོར་ཡུལ་ལ་ཨ་འཐས་ཀྱི་འཛིན་པ་ཡོད་ན་དེའི་ཚོད་ཀྱིས་སེམས་མ་སྐྱིད་པ་ཡོང་བ་དང་། ཆགས་སྡང་གི་བློ་ཡོང་བ། ཆགས་སྡང་གི་བློ་ཡོང་དུས་མ་སྐྱིད་པ་ཆགས་ཀྱི་ཡོད། ཆགས་སྡང་གི་བློ་ཤུགས་ཆེན་པོ་བྱུང་ན་གཉིད་ཀྱང་ཡག་པོ་ཁུགས་མི་ཐུབ། སེམས་ལ་ཞི་བདེ་ཡོང་བ་དེ་གང་གིས་དཀྲུགས་ཀྱི་ཡོད་པ་རེད་ཅེ་ན་ཉོན་མོངས་ཀྱིས་དཀྲུགས་ཀྱི་ཡོད། ཆགས་སྡང་གི་བློས་དཀྲུགས་ཀྱི་ཡོད། དེའི་རྩ་བ་གཏི་མུག་བདེན་འཛིན་རེད།རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པ་མཆོག་ནི་བྱེད་པ་ཡིན།། ཞེས་སྲིད་པ་འཁོར་བ་ནས་གྲོལ་ནས་མྱང་འདས་ཀྱི་གོ་འཕང་ལས་ལྷག་བཅས་མྱང་འདས་དང་ལྷག་མེད་མྱང་འདས་ནས་ཡར་ཕྱིན། དེ་ནས་མི་གནས་པའི་མྱང་འདས་རྫོགས་བྱང་མངོན་དུ་བྱེད་ཐུབ་པ་ཡོང་གི་རེད་ཅེས་གསུངས་པ་རེད། འདིས་སེམས་ལ་སྤོབས་པ་བསྐྱེད་ཀྱི་འདུག་ཨང་། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་བཤད་ལུང་འཕྲོ་སྐྱོང་མཛད་དེ་ལེའུ་གཉིས་པའི་མཇུག་ཏུ། སྐྱོབ་ལས་དེ་ཉིད་དང་བརྟན་དང་།། མ་ལུས་ཁྱད་པར་མཁྱེན་པར་གྲུབ།། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ།། དེ་ཕྱིར་ཕྱི་རོལ་པ་དང་སློབ།། མི་སློབ་ལས་ལྷག་དེ་ཡི་ཕྱིར།། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ།། དེ་ལས་བརྩེ་ཡིན་གཞན་དོན་ངོར།། དོན་གྲུབ་མཛད་པ་མི་འདོར་ཕྱིར།། ཞེས་པའི་མཚམས་ནས་གནང་མཚམས་བཞག་སྟེ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད།ཉིན་གཉིས་པའི་ཆོས་འབྲེལ་ལེགས་པར་ཟིན་མཚམས་བཀའ་སློབ་སྩལ་དོན། ངོས་རང་ལ་༸རྒྱལ་བ་རིན་པོ་ཆེའི་མིང་ཐོགས་ཡོད་པ་རེད། སངས་རྒྱས་པའི་ཆོས་ངོ་སྤྲོད་བྱས་ཏེ་ཉམས་ལེན་བྱེད་པའི་སྙིང་པོར་བབ་ཡོང་དུས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཤད་བཞིན་ཡོད། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་ཐུགས་སྨོན་གནང་བ་ལྟར་ངོས་ཀྱིས་ཀྱང་ལག་ལེན་སྐྱེལ་བཞིན་ཡོད། ཁྱོད་ཚོ་ཚང་མ་ཏཱ་ལའི་བླ་མའི་སློབ་མ་དམ་ཚིག་ལྡན་པ་ཆགས་ཡོད་པར་བརྟེན་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཡག་པོ་ཐོངས། མཁྱེན་སོང་ངམ། ཞེས་བཀའ་སློབ་སྩལ་བ་དང་།
གཞན་ཡང་། བོད་ནང་ཁྱབ་བརྡལ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་དབང་གིས་དམ་དྲག་ཆེན་པོ་བྱེད་བཞིན་པ་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ད་ལྟ་གནས་ཚུལ་ཞིག་ལ་བོད་ནང་དུ་ནད་ཡམས་རྐྱེན་གྱིས་བཀག་སྡོམ་དམ་དྲག་ཆེན་པོས་མི་མང་ལ་ཧ་ཅང་དཀའ་ངལ་འཕྲད་ཀྱི་འདུག་ཟེར། གང་ལྟར་ང་ཚོ་རྒྱ་བོད་ཀྱི་འཐབ་རྩོད་འདི་གཙོ་བོ་སངས་རྒྱས་པའི་ཆོས་ལའང་འབྲེལ་ཡོད། རྒྱ་མིས་ང་ཚོ་བོད་རྒྱ་ཆེའི་མི་མང་གི་ལྟ་བ་དང་སྤྱོད་པ་གཏན་ནས་བསྒྱུར་ཐུབ་ཀྱི་མ་རེད། ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེ་དང་འབྲེལ་བའི་རིག་གཞུང་རིམ་བཞིིན་རྒྱ་ནག་ལ་ཁྱབ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དེར་བརྟེན་འཕྲལ་གྱི་རྐྱེན་ངན་དེ་ལྟ་བུ་འཆར་ཡོང་དུས་ཚང་མ་སེམས་མི་ཞུམ་པ་གལ་ཆེ། ང་ཚོ་བོད་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན། ལྷ་སའི་ཇོ་བོ་དང་། དེ་བཞིན་ལོ་ཀེ་ཤྭ་ར་བཅས་ཇོ་ཤཱཀ་རྣམ་གསུམ་ལ་ཚང་མས་སྨོན་ལམ་ཡག་པོ་རྒྱོབ། ངོས་རང་ས་ཁུལ་རྒྱང་ནས་ཡོད་ཀྱང་ལས་དང་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་༸རྒྱལ་བ་རིན་པོ་ཆེ། ཏཱ་ལའི་བླ་མ་དྲན་པ་བྱོས། གང་ལྟར་གཙོ་བོ་ང་ཚོའི་བདེན་པའི་མཐའ་གསལ་གྱི་རེད་བསམ་པ་ཞིག་གིས་བློ་བདེ་པོ་བྱོས་ནས་སྡོད། ངོས་རང་ལ་མཚོན་ནའང་ད་ལྟ་ལོ་བརྒྱད་ཅུ་གྱ་བདུན་ལ་སླེབས་ཡོད། ད་ལྟ་གཟུགས་པོ་བདེ་ཐག་ཆོད་ཡོད། སྨན་པས་བརྟག་དཔྱད་སྐབས་ངོས་རང་ད་དུང་ལོ་བཅོ་ལྔ་ཉི་ཤུར་སྡོད་ཀྱི་རེད་ཅེས་རྗོད་ཀྱི་འདུག དེར་བརྟེན་བོད་རྒྱ་ཆེའི་མི་མང་ཚོ་བློ་བདེ་པོར་བཞུགས། རྒྱ་ནག་ནང་དུ་འགྱུར་བ་འགྲོ་བཞིན་འདུག་པས་རིམ་བཞིན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། ཚང་མ་བློ་བདེ་པོ་བྱོས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ། །