༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གི་སྐུ་ཟླ་པ་པོལ་པི་ལོ་སི་ (Paul Pelosi) ལགས་སུ་ཕྱི་མི་ཞིག་གིས་གནོད་འཚེ་སྐྱེལ་ཡོད་པའི་གནས་ཚུལ་ཐོན་མ་ཐག་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་ལ་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་སྩལ་འདུག
དེ་ཡང་གསུང་འཕྲིན་ནང་མགོན་པོ་གང་ཉིད་མཆོག་གིས། སྤྱིར་ཁོང་དྲག་སྐྱེད་འོང་བའི་རེ་བ་ཆེན་པོ་ཡོད་པ་དེ་ལྟར་ཡང་ངོས་ཀྱིས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་གོ་ཐོས་ལ་སྐུ་ཉིད་ཀྱི་ཁྱིམ་ནང་ཧམ་འཛུལ་བྱས་ཏེ་སྐུ་ཉིད་ཀྱི་སྐུ་ཟླར་གནོད་འཚེ་སྐྱེལ་མཁན་དེས་སྐུ་ཉིད་འཚོལ་བཞིན་ཡོད་པ་ཐོས་བྱུང་། དེས་ན། ད་ཆ་སྐུ་ཉིད་ཀྱི་བདེ་འཇགས་དང་ཉེན་སེལ་སླད་དགོས་ངེས་ཀྱི་གྲ་སྒྲིག་གནང་ཟིན་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ངོས་ཀྱིས་ཨ་རི་དང་ཨ་རི་མི་མང་གིས་ལོངས་སུ་སྤྱོད་བཞིན་པའི་མང་གཙོའི་རང་དབང་ལ་གུས་བརྩི་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་མོད། འོན་ཀྱང་རང་དབང་དེ་འགན་ཁུར་ལྡན་པའི་ཐོག་ལོངས་སུ་སྤྱོད་གལ་ཆེ་བ་ཡིན། ཨ་རི་དང་འཛམ་གླིང་ས་གནས་གང་དུའང་འཚེ་བའི་རིགས་ཀྱིས་ཚོགས་སྡེ་དང་སྤྱི་ཚོགས་ཀྱི་ཡར་རྒྱས་ལ་ཕན་མི་ཐོགས། ཞེས་དང་།
མཐར་མགོན་པོ་མཆོག་གིས་ལྕམ་སྐུ་ནན་སི་པོ་ལོ་སི་མཆོག་གིས་གཙོས་ལྟོས་བཅས་ནང་མི་ཡོངས་ལ་ཐུགས་གསོ་ཐུགས་སྨོན་མཛད་འདུག་པ་བཅས།།