༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་ཨ་རི་ (DRL) རོགས་དངུལ་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༦ ཉིན་འགོ་འཛུགས་ཀྱིས་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་ནས་ཧོན་སུར་ས་གནས་མི་མང་གྲངས་ ༦༠ དང་ཉིན་རྒྱབ་ཚོུད་ ༢ པའི་ཐོག་སམ་བྷོ་ཊ་སློབ་གྲྭའི་འཛིན་རིམ་དགུ་པ་ཡན་གྱི་དགེ་སློབ་ཡོངས། ཚེས་ ༢༧ ཉིན་ཅོག་ཀུར་གཞིས་གྲོང་གི་མི་མང་གྲངས་ ༣༥། ཚེས་ ༢༨ ཉིན་སྤུ་ཧྲེང་གྲོང་སྡེའི་མི་མང་གྲངས་ ༡༤ དང་ཉིན་རྒྱབ་ཚོུད་ ༢ པའི་ཐོག་གོ་ལ་ཐ་ལ་གཞིས་མི་གྲངས་ ༣༥ བཅས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་ལས་གཞི་སྤེལ་ཐུབ་པ་བྱུང་ཡོད།
ཁྲིམས་ལུགས་གོ་རྟོགས་ཀྱི་ལས་རིམ་ནང་སྔར་སྲོལ་བོད་ཀྱི་ཁྲིམས་ལུགས་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་། ངོ་བོ། འགན་དབང་། གྲུབ་ཆ། ཁྲིམས་ཁོངས་ཁྱབ་ཚད། གཏན་འཇགས་དང་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་གྱི་ས་ཁོངས་ཁྱབ་ཚད། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁ་མཆུ་ཞུ་གཏུག་གི་ཞུ་སྙན་འབུལ་སྟངས་དང་། བརྡ་སྦྱོར། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ཐོག་མའི་ཉན་ཞིབ། ཞིབ་གཅོད། བཅད་ཁྲ། གོང་ཞུ་སོགས་ཀྱི་གཏུག་བཤེར་བྱ་རིམ་དང་འབྲེལ་བའི་གོ་རྟོགས་དང་གོང་གསལ་སློབ་གྲྭའི་སློབ་མ་རྣམས་ལ་་ཁྲིམས་ཀྱི་སློབ་སྦྱོང་བྱེད་ཕྱོགས་དང་དམིགས་ཡུལ་འཛིན་སྟངས་དང་འབྲེལ་བའི་ལམ་སྟོན་གནང་། སྐབས་མཚམས་སོ་སོར་དྭོགས་འདྲི་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་བཅས། །