༄༅། །འདི་གར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༧ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོག་གི་ཡོད། ཚོགས་འདུ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༧ ནས་ ༡༩ བར་ཉིན་གསུམ་རིང་འཚོག་གི་ཡོད།ད་ལན་ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྙིང་དོན་གཏམ་བཤད་གནང་མཁན་འབྲས་ལྗོངས་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་ཟུར་པ་ཊཾཀཱ་བཧཱ་དུར་སུབྦ་ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་སློབ་སྟོན་པ་མཁས་དབང་ཇོ་སྲས་མ་བཀྲ་ཤིས་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་བཅས་ཕེབས་ཡོད།ཚོགས་འདུའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གྲུབ་མཚམས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་དགའ་བསུའི་གསུང་བཤད་དང་ཚོགས་འདུའི་ངོ་སྤྲོད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་ཡོད། དེའི་རྗེས་ལ་འབྲས་ལྗོངས་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་ཟུར་པ་ཊཾཀཱ་བཧཱ་དུར་སུབྦ་ལགས་ཀྱིས་ཚོགས་འདུའི་སྙིང་དོན་གསུང་བཤད་གནང་ཡོད། ཁོང་གིས། རྒྱ་གར་ནང་བདག་ཉིད་ཆེན་པོ་གཱནྡྷི་མཆོག་གིས་རྒྱ་གར་རང་དབང་ཆེད་དུ་འཚེ་མེད་ཞི་བའི་ཐབས་ལམ་བེད་སྤྱོད་གནང་བ་བཞིན། བོད་པས་ཀྱང་བོད་དོན་ཆེད་དུ་བྱམས་སྙིང་རྗེ་བེད་སྤྱོད་བྱེད་དགོས་པ་སོགས་ཀྱི་གསུང་བཤད་གནང་།མཛད་སྒོའི་མཐའ་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་གསུངས་ཏེ་ཚོགས་འདུའི་དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ།
ཉིན་གསུམ་གྱི་ཚོགས་འདུའི་ནང་གཏམ་བཤད་པ་ ༣༠ དང་། ཆེད་དོན་མི་སྣའི་བགྲོ་གླེང་གཏམ་བཤད་པ་ ༥ བཅས་ཁྱོན་གཏམ་བཤད་པ་ ༣༥ ཡོད། གཏམ་བཤད་པ་རྣམས་ཀྱིས་གཞུང་དང་བདེ་འཇགས། བོད་དང་ཧི་མཱ་ལ་ཡ། བཙན་བྱོལ་དང་རང་དབང་། སོར་ཆུད་ནུས་པ། སྣོད་བཅུད་དང་གནམ་གཤིས་འགྱུར་ལྡོག བོད་དང་རྒྱ་གར་ནང་གི་ནང་ཆོས་སོགས་ཀྱི་ཐོག་ལ་ཚོགས་ཐུན་ཁག་ཏུ་དཔྱད་རྩོམ་གཞིར་བཞག་གཏམ་བཤད་གནང་རྒྱུ་དང་། ཚོགས་ཐུན་རེའི་མཐའ་མར་བགྲོ་གླེང་གི་ཚུལ་དུ་དྲི་བ་དྲིས་ལན་གྱི་དུས་ཚོད་ཀྱང་ཡོད། །