༄༅། །ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༡ ནས་ ༠༢ བར་ཉིན་གྲངས་གཉིས་རིང་སུད་སི་སྐུ་ཚབ་དོན་གཅོད་ཁང་དང་ཨི་ཊ་ལི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཨི་ཊ་ལི་མི་ལཱ་ནོ་དགེ་འཕེལ་གླིང་ཆོས་ཚོགས་སུ་ཚོགས་ཏེ་ཕྱི་ཚེས་ ༠༢ ཉིན་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ཡུ་རོབ་རྒྱལ་ཁབ་ཁག་དགུ་ལྷག་ནས་བོད་རིགས་ཚོགས་པ་དང་བོད་མིའི་སྐྱིད་སྡུག་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཕེབས་ཏེ་ནུས་པ་མཉམ་སྤུངས་ཀྱིས་བོད་ཀྱི་རིག་གཞུང་དང་། སྐད་ཡིག ངོ་བོ། དེ་བཞིན་བོད་དོན་ཞུ་གཏུག་ལས་འགུལ་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་གྲོས་གཞིའི་སྐོར་གོ་བསྡུར་གནང་ཡོད་པ་མ་ཟད། ཚོགས་བཅར་བ་ཡོངས་ནས་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པར་ཐུགས་འཚབ་དང་སྦྲགས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་དང་བོད་དོན་ཞུ་གཏུག་གི་ལས་འགུལ་སྔར་ལས་ལྷག་ཤུགས་ཆེ་རུ་གཏོང་ཐབས་སུ་མཚན་རྟགས་བཀོད་དེ་མི་ནཱ་ལོའི་བསྒྲགས་གཏམ་ (Milano Declaration) ཞེས་པ་ཞིག་སྤེལ་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་ཚོགས་བཅར་བ་ཡོངས་ལ་རྗེས་སུ་ཡི་རང་དང་། བོད་རིགས་ཚོགས་པ་ཁག་ནས་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ཆེད་དུ་ཞབས་འདེགས་བསྒྲུབ་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་ཡོད།མི་ནཱ་ལོའི་བསྒྲགས་གཏམ་དེའི་ནང་། ཚོགས་བཅར་བ་ཡོངས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་བོད་པའི་སློབ་ཕྲུག་གྲངས་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་སྟེ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་དེ་བརྒྱུད་བོད་པའི་ངོ་བོའི་རྩ་བ་སྟེ་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་རྩ་གཏོར་དུ་གཏོང་བཞིན་པར་ཐུགས་འཚབ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་རྩ་གཏོར་གྱི་སྲིད་བྱུས་ལ་ཁ་གཡར་ནས་བོད་དུ་བོད་མི་རྣམས་ཏོག་དབྱིབས་གཉན་རིམས་འགོས་ཡོད་མེད་ལ་མ་ལྟོས་པར་བཙན་དབང་གིས་འགོག་དབྱེ་ཟུར་འཇོག་ཁང་དུ་བཅུག་སྟེ་ཞལ་ལག་རུལ་པ་སྤྲད་པ་དང་། གཞི་རྩའི་སྨན་བཅོས་ཀྱི་མཐུན་རྐྱེན་སོགས་མ་སྤྲད་པ་ལ་བརྟེན་ནས་བོད་མི་ཁག་གཅིག་གིས་རང་སྲོག་བཅད་པ་དང་།
རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་སུ་བོད་མི་སྐྱེས་པ་དང་བུད་མེད། ཕྲུ་གུ་རྣམས་ལ་རིགས་རྫས་ (DNA) ཞེས་པའི་གནས་ཚུལ་བསྡུ་རུབ་བྱས་དང་བྱེད་བཞིན་པ་མ་ཟད། ཕྱི་ལོ་ ༢༠༡༦ ཟླ་ ༠༦ ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༧ བར་དགེ་འདུན་པ་རྣམས་ལ་དམིགས་སུ་བཀར་ནས་ཚད་མཐོའི་བྱ་རའི་པར་ཆས་བཙུགས་ཏེ་དམ་བསྒྲགས་ཤུགས་ཆེ་བྱས་པ་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ།
རྒྱ་ནག་གཞུང་གིས་འཕྲལ་དུ་བོད་པའི་སློབ་ཕྲུག་རྣམས་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་མཚམས་འཇོག་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་རྩ་གཏོར་གྱི་སྲིད་བྱུས་ལ་ཁ་གཡར་ནས་བོད་ནང་དམ་བསྒྲགས་བྱེད་བཞིན་པ་དང་རིགས་རྫས་ (DNA) ཞེས་པའི་གནས་ཚུལ་བསྡུ་རུབ་བྱས་དང་བྱེད་བཞིན་པ་མཚམས་འཇོག་དགོས་པ།
རྒྱ་ནག་གཞུང་གིས། རྒྱ་ནག་གཞུང་རང་གི་རྩ་ཁྲིམས་ཀྱི་དོན་ཚན་ཁག་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ཏུ་བོད་མིར་སྐད་ཡིག་དང་ཆོས་དད་རང་དབང་། རང་སྐྱོང་གི་གནས་བབ་ཚུད་པའི་སྤྱི་ཚོགས་དང་། རིག་གཞུང་། དཔལ་འབྱོར་གྱི་ཐོབ་ཐང་བཅས་ལ་ཁག་ཐེག་བྱེད་དགོས་ཞེས་འཁོད་ཡོད་པ་ལྟར་དེ་དག་བརྩི་སྲུང་ཞུ་དགོས་པ།
ཡུ་རོབ་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས་འཐུས་མི། ཡུ་རོབ་སྤྱི་མཐུན་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གིས་འཕྲལ་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཞུས་ཏེ་འགྲོ་བ་མིའི་རིགས་ལ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་པ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད་པ་བཅས།།