༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས ༡༧ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༥ འཁོར་བའི་དུས་ཆེན་མཛད་སྒོ་ཚོགས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སེར་སྐྱ་མི་མང་རྣམས་གཞིས་སྤྱི་ནོར་བུ་རིར་ཚང་འཛོམས་ཀྱི་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་དུང་རྒྱ་སྤོས་སྣེ་བསུས་ཏེ་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཤར་རྩེ་མཁན་རིན་པོ་ཆེ་མཆོག་དང་ས་གནས་འགོ་འཛིན་གྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དབུ་མཛད་ཆེན་མོ་ནས་ཞལ་འདོན་གནས་བཅུ་དང་། ལྷ་བསངས། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་སོགས་གསུང་སྐུལ་གྲུབ་རྗེས། ཤར་རྩེ་མཁན་རིན་པོ་ཆེ་མཆོག་དང་ས་གནས་འགོ་འཛིན་རྣམ་གཉིས་ནས་མི་མང་ལ་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་མཆོག་དང་ས་གནས་འགོ་འཛིན། ས་འཐུས་ཚོགས་གཞོན། མཉམ་འབྲེལ། ས་གནས་རང་བདེན་ཚོགས་གཙོ་སོགས་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། སེར་སྐྱ་མང་ཚོགས་ ༡༥༠ ལྷག་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་བཅས། །