༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔ་དྲོ་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭའི་རྩེད་ཐང་དུ་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་དབུ་བརྙེས་ནས་རབ་བྱུང་གཅིག་འཁོར་བའི་དགའ་སྟོན་གྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་དགའ་སྟོན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆེ་བསྟོད་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། དམིགས་བསལ་སྐུ་མགྲོན་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བྷ་ཤཱི་ཀུ་མར་ལགས། སྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས། དེ་བཞིན་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཕེབས་ཡོད།མཛད་སྒོའི་ཐོག་མར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ནས་རུ་སྒྲིག་སྤྱན་བསྟར་ཞུས་གྲུབ་མཚམས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་དགེ་འདུན་རིན་ཆེན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་། དེ་ནས་རྔ་གླིང་རུ་ཁག་ནས་རྔ་རོལ་གྱི་མཆོད་པ་དང་སློབ་ཕྲུག་རྣམས་ནས་ལུས་རྩལ་གཟིགས་འབུལ། སློབ་ཕྲུག་དང་ལས་བྱེད་རྣམས་ནས་མཉམ་གཞས་དང་འཁྲབ་གཞས་གཟིགས་འབུལ་ཞུས་གྲུབ་རྗེས་སྐུ་མགྲོན་གཙོ་བོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་མ་སུ་རི་བོད་ཁྱིམ་གྱི་དྲུག་ཅུའི་དུས་དེབ་དང་ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོའི་སྐུ་ཚེའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་གནང་། དེ་རྗེས་དམིགས་བསལ་སྐུ་མགྲོན་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བྷ་ཤཱི་ཀུ་མར་ལགས་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་རྗེས་མ་སུ་རིར་བཞུགས་གནང་མཛད་པ་དང་། དེ་ནས་མགོན་པོ་གང་ཉིད་མཆོག་རྡ་སར་ཆིབས་བསྒྱུར་བསྐྱངས་ཏེ་བཞུགས་མུས་ཡིན་པ། དེ་སྔ་ཨ་མ་ཕྲེང་རིང་རིན་ཆེན་སྒྲོལ་མ་ལགས་དང་། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་ལས་བྱེད་མི་རབས་རྒན་པ་རྣམས་ཀྱིས་བློས་བཏང་གིས་སྐུ་ལས་བསྐྱོན་པར་བརྟེན་ད་ཆ་མ་སུ་རི་བོད་ཁྱིམ་ཚགས་ཚུད་བྱུང་ཡོད་པ་སོགས་ཀྱི་སྐོར་དང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མི་ཚོས་བོད་ཀྱི་རྩ་དོན་བསྒྲུབ་པར་རེ་བ་བརླག་ཏུ་འཇུག་རྒྱུ་མེད་པ་དང་། མི་རབས་གསར་པ་རྣམས་ཀྱིས་མུ་མཐུད་འགན་འཁུར་གནང་དགོས་པ། ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་ལ་བོད་མིའི་ཚོགས་པ་ཁག་ནས་བརྟན་བཞུགས་བསྟར་འབུས་ཞུས་པའི་སྐབས་མགོན་པོ་གང་ཉིད་མཆོག་གིས་དགུང་ལོ་བཅུ་ཕྲག་གཉིས་ལྷག་རིང་བཞུགས་རྒྱུའི་ཞལ་བཞེས་གནང་ཡོད་པ། གཙོ་བོ་བླ་མ་དང་སློབ་མའི་དབར་དམ་ཚིག་གཙང་མ་དགོས་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གི་ངོས་ནས་མུ་མཐུད་ཧུར་ཐག་འབད་ཐག་གིས་ཞབས་འདེགས་ཞུ་རྒྱུ་ཡིན་ཞིང་། བོད་མི་མང་ཚོགས་ནས་ཀྱང་ཧུར་ཐག་གིས་ཕྱག་ལས་གནང་དགོས་པ། ལོ་ལྟར་སློབ་མ་ཚོས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་མཇལ་ཁ་དང་ལམ་སྟོན་ཞུ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།དེ་རྗེས་མ་སུ་རི་བོད་ཁྱིམ་གྱི་དགེ་ལས་ཡོངས་ནས་སྐུ་མགྲོན་མགྲོན་གཙོ་བོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་ཞུ་རྟེན་ཕུལ་གྲུབ་མཚམས་སྐུ་མགྲོན་གཙོ་བོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་སྐབས་གཙོ་བོ་ད་ལྟའི་ང་ཚོ་མི་ཐོག་འདི་དུས་ཚོད་གཉན་འཕྲང་ཅན་གྱི་མི་ཐོག་ཡིན་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་བསྟན་པ་དང་ཆབ་སྲིད། རིག་གཞུང་སོགས་རྒྱ་གར་ནང་དར་རྒྱས་གོང་འཕེལ་བྱུང་ཡོད་པ། ནང་གི་ཤེས་ཡོན་གྱི་ལོ་འདབ་རྒྱས་དགོས་ན་སློབ་ཕྲུག་རྣམས་ཀྱིས་སློབ་སྦྱོང་ཧུར་ཐག་གནང་དགོས་པ་དང་། བོད་མིའི་གོམས་གཤིས་བཟང་པོ་མི་ཉམས་རྒྱུན་འཛིན་གནང་དགོས་པ། དེང་སང་འཛམ་གླིང་གཅིག་ལ་གཅིག་བརྟེན་ཆགས་ཡོད་སྟབས། གནའ་རབས་དང་དེང་དུས་ཟུང་དུ་འབྲེལ་བའི་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་དགོས་པ་དང་། མི་ཚེ་དོན་དང་ལྡན་པ་སྐྱེལ་དགོས་པ། ཆོས་དང་རིག་གཞུང་གི་རྩ་བ་བོད་ཡིག་ཡིན་སྟབས། བོད་སྐད་དང་བོད་ཡིག་སྦྱང་དགོས་པ། ལྷག་བསམ་དང་སྙིང་སྟོབས་དགོས་པ། བོད་མི་ཚོས་རྒྱུན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གི་བཀའ་དྲིན་དྲན་དགོས་པའི་གལ་གནད་དང་། རྒྱ་གར་གཞུང་མང་གཉིས་ནི་བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པས། གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་མང་གཉིས་དང་། རྣམ་པ་ཚོ་ཚང་མ་ཐུགས་རྗེ་ཞུ་རྒྱུ་ཡིན། བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་སྐུ་ཚེ་བརྟན་པ་དང་། གཞིས་བྱེས་བོད་མི་རྣམས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་གནང་རྗེས་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དམིགས་བསལ་སྐུ་མགྲོན་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བྷ་ཤཱི་ཀུ་མར་ལགས། སུད་སི་ནོར་མཛངས་རོགས་ཚོགས་ཀྱི་ཚེ་རྡོར་ལགས་བཅས་ལ་དྲུག་ཅུའི་དྲན་རྟེན་ཕྱག་རྟགས་ཕུལ། དེ་ནས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བཤད་སྒྲུབ་ཆོས་འཕེལ་གླིང་དགོན་དུ་གསར་བཞེངས་ཞུས་པའི་རྟེན་གཙོ་ཁག་ལ་རབ་གནས་གནང་ཡོད། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མཉམ་ཞུགས་གནང་ཡོད།
ཉིན་རྒྱབ་ཚེ་རིང་སྒྲོལ་མ་ཚོགས་ཁང་ནང་སྡེ་ར་ལྡུན་བོད་སློབ་ནང་ཁུལ་བོད་སྐད་བགྲོ་གླེང་འགྲན་སྡུར་གནང་སྐབས་མ་སུ་རི་བོད་ཁྱིམ་ལ་འགྲན་སྡུར་གྱི་རྒྱ་ཁ་ཐོབ་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བགྲོ་གླེང་འགྲན་སྡུར་གྱི་རྒྱ་ཁ་ཐོབ་མཁན་སློབ་མ་དང་། མ་སུ་རི་བོད་ཁྱིམ་གྱི་ལས་བྱེད་ཞབས་ལོ་ ༢༠ ཡན་ལོན་མཁན་ཁག་གཅིག་ལ་ལེགས་གསོའི་ཕྱག་རྟགས་གནང་། དགོང་དྲོ་སློབ་གྲྭ་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་བཅས།།