༄༅། །བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐུན་མོང་གིས་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཟུར་པ་ལྕམ་སྐུ་ནི་རུ་པ་མ་རའོ་མེ་ནོན་ (Nirupama Rao Menon) ལགས་ལ་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་དུ་ཉིན་གུང་གི་གསོལ་ཚིགས་སྟབས་བདེ་ཞིག་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་ལས་བྱེད་རྣམ་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཟུར་པ་ཨི་ལེན་བྷོག་ (Ellen Bork) ལགས་བཅས་མཉམ་ཞུགས་གནང་ཡོད།
བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ལྕམ་སྐུ་ནི་རུ་པ་མ་རའོ་མེ་ནོན་ལགས་ལ་མགྲོན་འབོད་ཞུས་པ་ལྟར་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞེས་དང་། བོད་རྒྱའི་དཀའ་རྙོག་སེལ་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གནང་ཡོད།གཞུང་ཚབ་ཆེན་མོ་ཟུར་པ་ལྕམ་སྐུ་ནི་རུ་པ་མ་རའོ་མེ་ནོན་ལགས་ཀྱིས་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་རྣམས་ཀྱིས་ཉིན་གུང་གི་གསོལ་ཚིགས་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་ཕྱི་ལོ་ ༡༩༦༠ ལོར་ཁོང་ལོ་དགུ་ཡིན་པའི་སྐབས་རྒྱ་གར་གྱི་ཨུཏྟར་པྲ་དེཤ་མངའ་སྡེའི་རྒྱལ་ས་ལག་ནའོ་ (Lucknow) ཁུལ་དུ་མེ་འཁོར་འབབ་ཚུགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་ཕྱག་བསྟར་མ་ཞུས་པའི་དགའ་ཚོར་གྱི་ཉམས་མྱོང་སྐོར་དྲན་གསོ་གནང་ཡོད།
གཞན་ཡང་ལྕམ་སྐུ་ནི་རུ་པ་མ་རའོ་མེ་ནོན་ལགས་ཀྱིས། ཁོང་རང་གིས་བརྩམས་པའི་དཔེ་དེབ་ཕྱི་ལོ་ ༡༩༤༩ ནས་ ༡༩༦༢ བར་གྱི་འཕགས་བོད་རྒྱ་གསུམ་དང་། གས་ཆག་ཤོར་བའི་ཧི་མ་ལ་ཡ་(The Fractured Himalaya: India Tibet China 1949-62) ཞེས་པའི་སྟེང་མཚན་རྟགས་བཀོད་དེ་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམས་ལ་ཕུལ་གནང་ཡོད། །