༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༠ ཉིན་ཨ་རིའི་རོགས་ཚོགས་ (PRM) ཞེས་པའི་མཐུན་འགྱུར་འོག་རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད།
དེ་ཡང་འཕྲོད་བསྟེན་ལས་ཁུངས་ནས་རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་ཉིན་མོ་དང་བསྟུན། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བཅུ་བཞི་ནང་ཡོད་པའི་རྒས་གསོ་ཁང་གི་བགྲེས་སོང་དང་། ལས་བྱེད། འཕྲོད་ལས་པ་རྣམས་ལ་སེམས་ཁམས་འཕྲོད་བསྟེན་སྐོར་གོ་རྟོགས་ལས་གཞི་སྤེལ་གནང་ཡོད། བཞུགས་སྒར་རྡ་སར་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་སྣེ་ཁྲིད་དེ་འབྲེལ་ཡོད་ལས་བྱེད་རྣམ་པས་བྱམས་པ་གླིང་རྒས་གསོ་ཁང་དུ་བགྲེས་སོང་རྣམས་ལ་སེམས་ཁམས་འཕྲོད་བསྟེན་གྱི་ཆེད་དུ་བསྐུ་མཉེ་དང་རོལ་དབྱངས་སོགས་ཀྱི་ལས་གཞི་སྤེལ་གནང་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུའང་སེམས་ཁམས་འཕྲོད་བསྟེན་སླད་ཕྱག་ལས་གནང་མཁན་འབྲེལ་ཡོད་སྨན་ཞབས་པ་རྣམ་པས་རྒས་གསོ་ཁང་གི་བགྲེས་སོང་རྣམས་ལའང་གོང་བཞིན་ལས་གཞི་སྤེལ་གནང་ཡོད།
གཞན་ཡང་འཕྲོད་བསྟེན་ལས་ཁུངས་དང་རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་མཉམ་འབྲེལ་ཐོག་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་མདུན་ལམ་སློབ་སྟོན་པ་བསྟན་འཛིན་བུ་འཁྲིད་ལགས་ཀྱིས་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་གྲངས་ ༡༧ ཙམ་མཉམ་ཞུགས་གནང་ཡོད་པ་བཅས།།