༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Indian National Congress) ཞེས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་མཱ་ལི་ཀར་ཇུན་ཁར་གེ་ (Mallikarjun Kharge) མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་།
དེ་ཡང་འཚམས་འཕྲིན་ནང་། སྐུ་ཞབས་ཁར་གེ་མཆོག་གིས་རྒྱ་གར་ཆབ་སྲིད་ནང་དུས་ཡུན་རིང་པོར་ཞབས་ཞུ་ཧུར་ཐག་གནང་ཡོད་པ་དང་། འོས་བསྡུའི་རྒྱལ་ཁ་དེས་ཁོང་གི་ཕུལ་དུ་བྱུང་བའི་དབུ་ཁྲིད་ཀྱི་ནུས་པ་དང་ཆབ་སྲིད་ཚོགས་པས་ཁོང་ལ་བཅང་པའི་ཡིད་ཆེས་མཚོན་ཐུབ་ཅེས་དང་།
གཞན་ཡང་འདས་པའི་ལོ་ངོ་ ༦༣ ནང་རྒྱ་གར་གཞུང་མང་གཉིས་ནས་བོད་རྩ་དོན་དང་བོད་མི་ཚོར་རྒྱབ་སྐྱོར་དང་རོགས་རམ་རླབས་ཆེན་གནང་ཡོད་པར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་བ་དང་སྦྲགས་ཁོང་གི་རླབས་ཆེན་དབུ་ཁྲིད་འོག་ཆབ་སྲིད་ཚོགས་པའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་བཅས་འཁོད་ཡོད། །