༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༢ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་གཏང་རག་གི་མཛད་སྒོ་ཞིག་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ ༩ ཙམ་ལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དེ་བཞིན་སྐུ་མགྲོན་དུ་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག སྤྱི་ཁྱབ་རྩིས་ཞིབ་ཁང་གི་འགན་འཛིན་ཨརྱ་པདྨ་དགྲ་འདུལ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་རྡ་ས་ཁུལ་གྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སྦྱིན་བདག་དང་སྐུ་མགྲོན་རྣམ་པ། བོད་ཁྱིམ་སློབ་གྲྭ་གཞན་ཁག་ནས་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམ་པ། མི་མང་བཅས་ལྷན་འཛོམས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཆེད་ངག་བཅད་གུས་འདུད་སྐར་མ་གཅིག་ཞུས་བསྟུན་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་།དེ་ནས་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་བསོད་ནམས་སྲི་གཅོད་ལགས་ཀྱིས་ཕེབས་བསུའི་གསུང་
གཞན་ཡང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ “ཨ་མ་ལགས།” ཞེས་པ་དང་། སྐུ་ཚེའི་ལོ་རྒྱུས་ “གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ།” ཞེས་པ། བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ཨིན་ཡིག་ནང་བརྩམས་པའི་དཔེ་དེབ་ “Tibet: My Story” ཞེས་པ་བོད་བསྒྱུར་ཞུས་པ་བཅས་དབུ་འབྱེད་གནང་སོང་།མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕུགས་འགྱང་རིང་པོའི་དགོངས་པ་རྒྱ་ཆེ་བཞེས་ཏེ་སློབ་གྲྭ་དེ་དག་བཙུགས་གནང་བ་རེད། དེའི་ཐོག་རྒྱ་གར་དབུས་སའི་གཞུང་ངོས་ནས་མཐུན་འགྱུར་རོགས་རམ་ཧ་ཅང་གནང་བར་བརྟེན་ད་ལྟའི་ཆར་འཛམ་གླིང་ནང་ང་ཚོའི་མང་གཙོ་སྒྲིག་འཛུགས་དང་བཙན་བྱོལ་གྱི་སྤྱི་ཚོགས་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད་པ་རེད་ཅེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་བཀའ་གནང་བ་དང་། ང་ཚོ་ཡིན་ནའང་དུས་རྒྱུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ངོམ་ཆོག་པའི་གནས་སྟངས་ཤིག་ཆགས་ཡོད་པ་དེ་དག་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་གནས་ཡུལ་གཞུང་གིས་རྒྱབ་སྐྱོར། སྦྱིན་བདག་ཁག་གིས་རོགས་སྐྱོར། ལྷག་པར་སྒྲིག་འཛུགས་སོ་སོའི་ནང་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་དཀའ་ལས་རྒྱག་མཁན་དེ་དག་གི་བཀའ་དྲིན་ལ་བརྟེན་ནས་ཡོང་བཞིན་ཡོད། དེར་བརྟེན་དེ་རིང་གི་ཉིན་མོ་དང་སྟབས་བསྟུན་དེ་སྔ་དཀའ་ལས་བརྒྱབ་པ་དང་། ད་ལྟ་དཀའ་ལས་རྒྱག་བཞིན་པ་ཡོངས་ལ་བཀའ་ཤག་གི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། རྣམ་པ་ཚོས་དཀའ་ལས་བརྒྱབ་པ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་གཞན་དང་མི་འདྲ་བ་ཆགས་པའི་རྒྱུ་དེ་རྣམ་པ་ཚོས་བཟོ་གནང་བ་རེད།བོད་ནང་ཡོད་པའི་བོད་ཕྲུག་རང་ལོ་ ༦ ནས་ ༡༨ བར་གྱི་སློབ་ཕྲུག་རྣམས་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ་སོ་སོའི་སྐད་ཡིག་དང་རིག་གཞུང་། ཕ་མ་སོགས་དང་ཁ་བྲལ་བར་བརྟེན་ཕྲུ་གུ་ཆུང་བ་རྣམས་རང་ཁྱིམ་དུ་གུང་སེང་ལ་ལོག་པའི་སྐབས་བོད་སྐད་མི་ཤེས་པའི་གནས་སྟངས་ཛ་དྲག་ཅན་ལ་གྱུར་ཡོད། དེ་སྔ་ཡིན་ན་རྒྱ་ནག་གཞུང་གིས་བོད་ནང་རྒྱ་མི་རིགས་ཕོན་ཆེ་བཏང་སྟེ་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད། འོན་ཀྱང་ཕྱི་ལོ་ ༢༠༢༠ ལོའི་མི་འབོར་གྲངས་བཤེར་ལ་བལྟས་པ་ཡིན་ན། སྤྱིར་བོད་ནང་རྒྱ་མི་རིགས་ཀྱི་གྲངས་འབོར་འཕར་ཡོད་རུང་ང་ཚོས་དངངས་འཚབ་བྱེད་པ་ནང་བཞིན་འཕར་མེད། ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་ནི་བོད་ནང་མི་འབོར་སྤོ་བཞུད་ཀྱི་ཐོག་ནས་བོད་མི་རིགས་ཀྱི་ངོ་བོ་འགྱུར་བ་བཏང་མ་ཐུབ་ནའང་སློབ་གྲྭ་ཁག་གི་ནང་བོད་པའི་སྐད་ཡིག་མ་བསླབས་པར་རྒྱ་སྐད་གཙོ་བོར་སློབ་བཞིན་ཡོད། དེ་བཞིན་བོད་ཀྱི་ལོ་རྒྱུས་སོགས་གང་ཅིའི་ཐད་འཁྱོག་བཤད་བྱེད་པ་དང་། དམར་ཤོག་གི་བསམ་བློ་གཏོང་སྟངས་དང་། དམར་ཤོག་གི་ལོ་རྒྱུས། གང་ལྟར་བོད་ནང་ཡོད་པའི་བོད་པའི་གཞོན་སྐྱེས་རྣམས་རྒྱ་རིགས་བསྒྱུར་རྒྱུའི་སྲིད་བྱུས་གཏིང་ཟབ་འདིང་བཞིན་ཡོད།སྲིད་འཛིན་ཞི་ཅིང་ཕིན་གྱིས་རྒྱབ་ཁབ་གཅིག་དང་། རིག་གཞུང་གཅིག སྐད་ཡིག་གཅིག་ཟེར་དུས་ཧན་མི་རིགས་ཀྱི་སྐད་ཡིག་མ་གཏོགས་མི་རིགས་གཞན་གྱི་སྐད་ཡིག་རྩ་མེད་གཏོང་རྒྱུའི་གནས་སྟངས་འགྱུར་གྱི་ཡོད། དེ་ལྟ་བུའི་གནས་སྟངས་ལ་བལྟས་པ་ཡིན་ན། བོད་ནང་ཡོད་པའི་བོད་མི་དེ་དག་གིས་སོ་སོའི་སྐད་ཡིག་དང་རིག་གཞུང་། ཆོས་བཅས་སྦྱོང་རྒྱུའི་འདོད་པ་ཡོད་བཞིན་དུ་སྦྱོང་མ་བཅུག་པའི་གནས་སྟངས་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་མ་བྱེད་པ་ཡིན་ན། ད་ཆ་ང་ཚོའི་སློབ་གྲྭ་ཁག་གི་ནང་ཡོད་པའི་སློབ་ཕྲུག་གི་གནས་སྟངས་དང་། བཙན་བྱོལ་སྤྱི་ཚོགས་ནང་ཡོད་པ་མང་པོ་ཞིག་འཐོར་བཞིན་ཡོད། མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སླེབ་བཞིན་ཡོད། ད་ལྟའི་ཆར་བརྒྱ་ཆ་ ༤༠ ཙམ་ཕྱི་རྒྱལ་དུ་ཡོད། ཕ་མའི་ངོས་ནས་རང་ཁྱིམ་དུ་བོད་སྐད་བརྒྱབ་པ་ཡིན་ན། ཕྲུ་གུར་རང་བཞིན་གྱིས་བོད་པའི་སྐད་ཡིག་གི་བག་ཆགས་ཡོང་བཞིན་འདུགདེ་བཞིན་སློབ་གྲྭར་ཡོད་པའི་སྐབས་ནས་བོད་ཀྱི་ལོ་རྒྱུས་གཏིང་ཟབ་ལྟ་དགོས་ཀྱི་འདུག་མ་གཏོགས་འཛིན་གྲྭ་བཅུ་གཉིས་དང་། མཐོ་སློབ་ཐོན་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱིན་པའི་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་ནས་གཞན་ལ་འགྲེལ་བརྗོད་བྱེད་དགོས་ན་འགྲེལ་བརྗོད་བྱེད་རྒྱུའི་གནས་སྟངས་མེད་པ་དང་། གཞན་ཞིག་གིས་ཚུར་རྩོད་པ་རྒྱག་པ་ཡིན་ནའང་ཕར་བཤད་རྒྱུ་མེད་པའི་གནས་སྟངས་ཆགས་དུས་བོད་ནང་ཡོད་པའི་བོད་མིའི་མགྲིན་ཚབ་པ་ཡིན་ཞེས་པ་དང་། བོད་ནང་ཡོད་པའི་བོད་མིའི་དཀའ་སྡུག་སྐྱོབ་སླད་ལས་འགན་བསྒྲུབ་རྒྱུའི་ཆ་བཞག་སྒྲུབ་ཐུབ་རྒྱུ་མི་འདུ ང་ཚོའི་ལོ་རྒྱུས་ང་ཚོས་ལྟ་དགོས་པ་རེད་མ་གཏོགས་མི་རིགས་གཞན་ཞིག་གིས་ང་ཚོའི་ལོ་རྒྱུས་ལྟ་རོགས་བྱེད་ཀྱི་མ་རེད། དེང་སྐབས་འཛམ་གློང་ནང་མགོ་འཁོར་ས་མང་དག་ཅིག་ཡོད། བོད་མིར་དངོས་འབྲེལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན། བོད་པའི་ལོ་རྒྱུས་ལྟ་ངེས་རེད། བོད་པའི་སྐོར་ཉམས་ཞིབ་བྱེད་ཀྱི་ཡོད་ན། བོད་པའི་ལོ་རྒྱུས་ལྟ་སྲིད་པ་རེད་མ་གཏོགས་དེ་མིན་མི་རིགས་གཞན་ཞིག་གིས་བོད་པའི་ལོ་རྒྱུས་ལྟ་དགོས་པའི་གནས་སྟངས་ཆགས་ཀྱི་མི་འདུག རྒྱ་ནག་གིས་འཛམ་གླིང་ལ་འཁྱོག་བཤད་བྱེད་བཞིན་འདུག
ང་ཚོའི་ལོ་རྒྱུས་གནས་བབ་མི་གཞན་ལ་བཤད་ཐུབ་པའི་གནས་སྟངས་ཤིག་འགྱུར་མ་ཐུབ་པ་ཡིན་ན། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་བོད་པའི་ལོ་རྒྱུས་གནས་སྟངས་རྩ་བ་ཉིད་ནས་མ་ཤེས་མཁན་ཆགས་པ་ཡིན་ན། ངོ་ཚོའི་མི་རབས་འདི་ཧ་ཅང་ངོ་ཚ་དགོས་པ་ཆགས་ཀྱི་རེད། དེར་བརྟེན་ངས་ལོ་རྒྱུས་ངེས་པར་དུ་ལྟ་དགོས་ཀྱི་འདུག ཅེས་རྗོད་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །