༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༢ ཉིན་བེལ་ཇམ་གནས་འཁོད་བཀའ་བརྒྱུད་བསམ་ཡས་རྫོང་དབུ་བརྙེས་ནས་ལོ་ངོ་ ༤༥ འཁོར་བའི་དུས་ཆེན་ཐོག་སྐུ་མགྲོན་གཙོ་བོ་བེལ་ཇམ་གཞུང་གི་སྲིད་བློན་གཞོན་པ་སྐུ་ཞབས་ཝིན་སེན་ཝན་ (Vincent Van Quickenborne) མཆོག་དང་། དེ་བཞིན་༧སྐྱབས་རྗེ་རི་མགོ་སྤྲུལ་སྐུ་མཆོག་དང་། རྒྱལ་སྟོན་རིན་པོ་ཆེ། སེན་གྷི་ལིའི་(Saint-Gilles)གྲོང་སྡེའི་སྤྱི་ཁྱབ་ཇེན་སི་པི་ནེཊ་(Jean Spinette)ལགས། བེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་བཅས་དམིགས་བསལ་སྐུ་མགྲོན་དུ་ཕེབས་ཡོད་པ་རེད།
མཛད་སྒོའི་ཐོག་མར་བཀའ་བརྒྱུད་བསམ་ཡས་རྫོང་གི་ངེས་སྟོན་པ་ཀར་ལོ་ (Carlo Luyckx) ལགས་དང་བེལ་ཇམ་ནང་པ་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་ཆོས་རྗེ་ཨ་དཀོན་རིན་པོ་ཆེ་དང་ཐོག་མར་འབྲེལ་བ་བྱུང་སྟངས་དང་། ཆོས་ཚོགས་ཀྱི་འཕེལ་རིམ་ངོ་སྤྲོད་དང་འབྲེལ་ཆོས་ཚོགས་འཛུགས་སྐྲུན་ཆེད་ཞབས་འདེགས་ཞུ་མཁན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུས་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་བེལ་ཇམ་གཞུང་གི་སྲིད་བློན་གཞོན་པ་སྐུ་ཞབས་ཝིན་སེན་ཝན་མཆོག་གིས་ཆོས་ཚོགས་ངོས་ནས་འདས་པའི་ལོ་ངོ་ ༤༥ རིང་ས་གནས་མི་མང་གི་སེམས་ཀྱི་ཞི་བདེའི་དགོས་མཁོ་བསྐངས་བར་བསྔགས་བརྗོད་དང་སྦྲགས། བེལ་ཇམ་གཞུང་ངོས་ནས་ནང་ཆོས་དེ་བཞིན་ཆོས་ལུགས་ཁོངས་སུ་ངོས་འཛིན་གནང་རྒྱུའི་བརྒྱུད་རིམ་འགྲོ་བཞིན་ཡོད་པ་དང་། གལ་ཏེ་འཆར་གཞི་ལྟར་ལམ་ལྷོངས་བྱུང་ན་འདི་ལོའི་ལོ་མཇུག་བར་ལས་གཞི་ལེགས་གྲུབ་ཡོང་སྲིད་པ་གསུངས།
བེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕྱི་ལོ་ ༡༩༩༠ ཟླ་བ་ ༠༤ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་ཚོགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དྲན་གསོ་དང་། དེ་བཞིན་ད་ལྟའང་བོད་དེ་རྒྱ་ནག་གི་དབང་བསྒྱུར་འོག་གནས་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་འོག་བོད་ཀྱི་ངོ་བོ་བརླག་ཉེན་ཆེ་བའི་སྐོར་འགྲེལ་བརྗོད་གནང་ཞིང་། དེ་ལྟ་བུའི་དུས་སུ་བཀའ་བརྒྱུད་བསམ་ཡས་རྫོང་ལྟ་བུས་བོད་བརྒྱུད་ནང་བསྟན་གཅེས་འཛིན་གནང་བཞིན་པ་ནི་བསྔགས་བརྗོད་འོས་པ་རེད་ཅེས་གསུངས།
གཞན་ཡང་ཁོང་མོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་མཛད་པའི་འཚེ་མེད་ཞི་བའི་ཐབས་ལམ་ངོ་སྤྲོད་དང་། བེལ་ཇམ་གཞུང་གི་སྲིད་བློན་གཞོན་པ་དང་ཁྲིམས་ལུགས་བློན་ཆེན་མཆོག་མཛད་སྒོའི་ཐོག་ཕེབས་པ་མ་ཟད། བེལ་ཇམ་དུ་ནང་ཆོས་དེ་བཞིན་ཆོས་ལུགས་སུ་ངོས་འཛིན་གནང་རྒྱུའི་འབད་རྩོལ་གནང་བཞིན་པར་ཐུགས་རྗེ་ལེགས་འབུལ་ཞུས།
༸སྐྱབས་རྗེ་རི་མགོ་རིན་པོ་མཆོག་གིས་ཁོང་དགུང་ལོ་ཆུང་དུས་ནས་བེལ་ཇམ་དང་འབྲེལ་བ་བྱུང་སྟངས་དང་། དེ་བཞིན་བཀའ་བརྒྱུད་བསམ་ཡས་རྫོང་བཞེངས་མཁན་ཆོས་རྗེ་ཨ་དཀོན་རིན་པོ་ཆེ་དང་། ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ལྷན་ཡུན་རིང་འབྲེལ་བ་བྱུང་སྟངས་སྐོར་དྲན་གསོ་མཛད་ཡོད་པ་རེད།
མཛད་སྒོ་གྲོལ་མཚམས་ཚོགས་ཁང་ཕྱི་རུ་ཕི་ཊི་དྲུག་ཅན་གྱི་སྟོན་པའི་སྐུ་གསར་བཞེངས་རབ་གནས་མཛད་ཡོད་པ་བཅས།།