༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་། དེ་བཞིན་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་དང་འབྲེལ་ཡོད་ལས་བྱེད་བསྟན་འཛིན་དཔལ་མོ་ལགས། བསྟན་འཛིན་ཀུན་མཁྱེན་ལགས། རིན་ཆེན་ལགས་བཅས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༡༣ ནས་ཕྱི་ཟླ་ ༡༠ ཚེས་ ༢༠ བར་ཟླ་གྲངས་གཅིག་རིང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དང་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་གནང་ཡོད།
དེ་ཡང་ཕྱི་ཟླ་ ༠༩ ཚེས་ ༡༣ ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་ ༡༡ ཀ་པ་དང་ཁ་པའི་སློབ་ཕྲུག་རྣམས་ལ་ཟུར་དུ་ལོ་རྒྱུས་ཐོག་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་ཆགས་མྱོང་མེད་པའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་ཁ་གསལ་གནང་ཡོད་པ་དང་། སྐབས་དེར་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༨༧ མཉམ་ཞུགས་གནང་ཡོད།
ཕྱི་ཟླ་ ༠༩ ཚེས་ ༢༠ ཉིན་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་ ༡༡ ཀ་པ་དང་ཁ་པའི་སློབ་ཕྲུག་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་སྐོར་གོ་རྟོགས་སྤེལ་བ་དང་། དེ་བཞིན་སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། ཕྱོགས་མཚུངས་ཕྱི་ཟླ་ ༠༩ ཚེས ༢༧ ཉིན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་སྐོར་གོ་རྟོགས་སྤེལ་བ་དང་། ཕྱི་ཟླ་ ༡༠ ཚེས་ ༠༤ ཉིན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་འབྲེལ་བའི་སྐོར་སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་མ་ཟད། བོད་ཕྲུག་རྣམས་མ་འོངས་བོད་ཀྱི་སོན་རྩ་ཡིན་སྟབས་ཧུར་ཐག་འབད་ཐག་གིས་སློབ་སྦྱོང་བྱེད་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཤེས་རྟོགས་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད།ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་དང་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཀུན་མཁྱེན་ལགས་ཀྱིས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་ ༡༡ ཀ་པའི་སློབ་ཕྲུག་གྲངས་ ༤༥ ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་དང་། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་དཔལ་མོ་ལགས་དང་རིན་ཆེན་ལགས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་ ༡༡ ཁ་པའི་སློབ་ཕྲུག་གྲངས་ ༤༤ ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་བ་མ་ཟད། སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། སློབ་ཕྲུག་ཚོས་ཀྱང་དགོངས་ཚུལ་ལྷུག་པོ་གསུངས་ཏེ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་ལས་རིམ་མཇུག་སྒྲིལ་ཡོད།ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས ༢༡ ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་ ༡༡ ཀ་པ་དང་། ཁ་པ། ག་པ། ང་པའི་སློབ་ཕྲུག་རྣམས་ལ་ལོ་རྒྱུས་ཐོག་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་ཆགས་མྱོང་མེད་པའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་ཡོད་པ་དང་། སྐབས་དེར་སློབ་ཕྲུག་ཁྱོན་བསྡོམས་གྲངས་ ༡༡༣ མཉམ་ཞུགས་གནང་ཡོད།
ཕྱི་ཟླ་ ༠༩ ཚེས་ ༢༣ ཉིན་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་སྐོར་གོ་རྟོགས་སྤེལ་བ་དང་། དེ་བཞིན་སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། ཕྱི་ཟླ་ ༡༠ ཚེས ༡༥ ཉིན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་སྐོར་གོ་རྟོགས་སྤེལ་བ་དང་། ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་འབྲེལ་བའི་སྐོར་སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་མ་ཟད། བོད་ཕྲུག་རྣམས་མ་འོངས་བོད་ཀྱི་སོན་རྩ་ཡིན་སྟབས་ཧུར་ཐག་འབད་ཐག་གིས་སློབ་སྦྱོང་བྱེད་དགོས་པ་སོགས་ཀྱི་སྐོར་གསུངས་ཡོད།ཕྱི་ཟླ་ ༡༠ ཚེས ༢༠ ཉིན་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་དང་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཀུན་མཁྱེན་ལགས་ཀྱིས་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་ ༡༡ ཀ་པ་དང་ག་པའི་སློབ་ཕྲུག་རྣམས་ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་དང་། བསྟན་འཛིན་དཔལ་མོ་ལགས་དང་རིན་ཆེན་ལགས་ཀྱིས་འཛིན་རིམ་ ༡༡ ཁ་པ་དང་ང་པའི་སློབ་ཕྲུག་རྣམས་ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་དང་སློབ་ཕྲུག་གི་དྲི་བ་ཁག་ལ་ལན་འདེབས་གནང་སྟེ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྱི་གོ་རྟོགས་ལས་རིམ་ལེགས་པར་མཇུག་སྒྲིལ་གནང་ཡོད་པ་བཅས།།