༄༅། །ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༧ ཉིན་བོད་ཀྱི་འབྲོག་པའི་སྐོར་དུས་ཐུང་འགྲེམས་སྟོན་ཞིག་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་པ་ཙམ་ལ་སྐུ་མགྲོན་གཙོ་བོར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ལགས། ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས། དམིགས་བསལ་སྐུ་མགྲོན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་བསྟན་འཛིན་རབ་བརྟན་ལགས། གཞན་ཡང་བཞུགས་སྒར་ཁུལ་གྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ལྷན་ཞུགས་ཐོག་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་འབྲོག་པའི་སྐོར་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་།འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་མར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་བོད་ཀྱི་འབྲོག་པའི་སྐོར་དུས་ཐུང་འགྲེམས་སྟོན་ངོ་སྤྲོད་གསུང་བཤད་དང་། དེ་རྗེས་དམིགས་བསལ་སྐུ་མགྲོན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་བསྟན་འཛིན་རབ་བརྟན་ལགས་ཀྱིས་བོད་ཀྱི་འབྲོག་པའི་སྐོར་ངོ་སྤྲོད་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཐོག་མར་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ནས་བོད་ཀྱི་འབྲོག་པའི་སྐོར་འགྲེམས་སྟོན་གནང་རྒྱུའི་ཁུར་བླངས་པར་ཡི་རང་བསྔགས་བརྗོད་གནང་བ་དང་འབྲེལ། སྤྱིར་འགྲེམས་སྟོན་ཁང་ནི་ཤེས་ཡོན་གྱི་བསྟི་གནས་ཤིག་ཡིན་པ་དང་། ཡང་སྒོས་བོད་ཀྱི་འགྲེམས་སྟོན་ཁང་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བོད་ནང་གི་ཛ་དྲག་གནས་སྟངས། ཆབ་སྲིད་ཀྱི་གནས་བབ། རིག་གཞུང་སྲུང་སྐྱོབ། ལྷག་པར་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་འོག་བོད་ནང་གི་བོད་མིའི་དཀའ་ངལ། ཁོར་ཡུག་གཏོར་སྐྱོན་སོགས་ཀྱི་སྐོར་ཁྱབ་བསྒྲགས་དང་གོ་རྟོགས་སྤེལ་མཁན་ཞིག་ཡིན་ཞེས་དང་།གཞན་ཡང་བོད་ཀྱི་འབྲོག་པའི་སྐོར་དུས་ཐུང་འགྲེམས་སྟོན་དང་གཞོན་སྐྱེས་ཚོའི་མཉམ་ཞུགས་ཀྱི་གལ་གནད་དང་འབྲེལ་ནས་བཀའ་བློན་མཆོག་གིས། བོད་ནང་འབྲོག་པའི་རིག་གཞུང་དང་གོམས་སྲོལ་ཐོག་ཉེན་ཁ་འཕྲད་བཞིན་པའི་སྐབས་ང་ཚོས་དེ་གལ་ཆེན་པོ་བརྩིས་ཏེ་བོད་ཀྱི་འབྲོག་པའི་སྐོར་འགྲེམས་སྟོན་གནང་བ་དེ་དུས་དང་འཚམ་པ་ཆགས་ཀྱི་འདུག དེ་བཞིན་ལ་དྭགས་བོད་ཁྱིམ་ཀྱིས་གོ་སྒྲིག་གནང་བའི་དུས་ཐུང་འགྲེམས་སྟོན་ནང་སློབ་ཕྲུག་ ༢༦ མཉམ་ཞུགས་གནང་འདུག་པ་དང་། སློབ་ཕྲུག་རྣམས་ཀྱིས་དོ་དབྱིངས་དང་སྤོབས་པ་ལྡན་པའི་ཐོག་འཁྲབ་སྟོན་དང་དོ་སྣང་གནང་བ་མཐོང་དུས་དགའ་ཚོར་ཆེན་པོ་བྱུང་། གཞོན་སྐྱེས་རྣམས་ང་ཚོའི་འཐབ་རྩོད། རིག་གཞུང་སྲུང་སྐྱོབ་དང་རྒྱུན་སྐྱོང་ཐད་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱལ་ཁབ་ཅིག་གམ་སྤྱི་ཚོགས་ཤིག་གི་ཁ་ཕྱོགས་གང་དུ་སྒྱུར་དང་མ་སྒྱུར། རྒྱལ་ཁབ་ཀྱི་ཡར་རྒྱས་ཚད་གཞི་གང་ལ་སླེབས་མ་སླེབས་དེ་དག་ཚང་མ་གཞོན་སྐྱེས་ལ་རག་ལུས་ཡོད་སྟབས། དེ་རིང་འདིར་གཞོན་སྐྱེས་མཉམ་ཞུགས་ཚད་མཐོ་པོ་འདུག་པར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་སོགས་གསུང་རྗེས་བོད་ཀྱི་འགྲེམས་སྟོན་ཁང་ནང་སྒྲིག་བཤོམ་བགྱིས་པའི་བོད་ཀྱི་འབྲོག་པའི་མཁོ་ཆས་ཁག་ལ་གཟིགས་ཞིབ་གནང་ཡོད་པ་བཅས།།