༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༡ ནས་ ༡༣ བར་བལ་ཡུལ་དང་། འབྲུག རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་རྒྱལ་སྤྱིའི་འོས་བསྡུའི་འཛིན་སྐྱོང་འགྲོ་ལུགས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སྐོར་ཟབ་སྦྱོང་གོ་སྒྲིག་གནང་ཡོད།
དེ་ཡང་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༦ ནས་ ༠༨ བར་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་རྒྱ་གར་ལྷོ་བྱང་དང་དབུས་ཁུལ་གྱི་ས་གནས་འོས་བསྡུའི་འགན་འཛིན་གྲངས་ ༣༠ ལ་རྒྱལ་སྤྱིའི་འོས་བསྡུའི་འཛིན་སྐྱོང་འགྲོ་ལུགས་དང་། བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞིའི་སྐོར་ཟབ་སྦྱོང་རིམ་པ་དང་པོ་གོ་སྒྲིག་གནང་གྲུབ་རྗེས། ཕྱི་ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་ཏུ་ཡོད་པའི་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བལ་ཡུལ་དང་། འབྲུག རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཀྱི་འོས་བསྡུའི་འགན་འཛིན་གྲངས་ ༡༦ ལའང་ཟབ་སྦྱོང་རིམ་པ་གཉིས་པ་དབུ་འཛུགས་གནང་ཡོད། ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་དང་། སྒང་ཐོག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་། དེ་བཞིན་ས་གནས་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་དྲུག་གི་སྐུ་ཚབ་བཅས་ཕེབས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་རྒྱལ་སྤྱིའི་འོས་བསྡུའི་འཛིན་སྐྱོང་འགྲོ་ལུགས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ཟབ་སྦྱོང་གི་དགོས་མཁོ་དང་། ཁེ་ཕན། གལ་གནད་སྐོར་གསུངས་པ་མ་ཟད། དེ་སྔའི་འོས་བསྡུ་སྐབས་དཀའ་ངལ་ལ་གདོང་ལེན་ཇི་ལྟར་གནང་བ་དང་། དཀའ་ངལ་ལས་བསླབ་བྱ་བླངས་པ། ཐེངས་འདིའི་ཟབ་སྦྱོང་བརྒྱུད་འབྱུང་འགྱུར་གྱི་འོས་བསྡུ་ཚགས་ཚུད་ཡོང་སླད་འཆར་གཞི་སྒྲིག་སྟངས་སོགས་ཀྱི་སྐོར་གསུངས་ཡོད། གཞན་ཡང་ཁོང་གིས་འོས་བསྡུ་དེ་ཡང་རང་དབང་དང་དྲང་པོ་དྲང་གཞག་ཡོང་བར་འོས་བསྡུའི་སྐོར་ཤེས་ཡོན་དགོས་པ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུངས་པ་དང་འབྲེལ་ཨ་རིའི་རོགས་ཚོགས་(DRL) ཞེས་པས་ཟབ་སྦྱོང་ཆེད་དུ་འགྲོ་གྲོན་བཏང་གནང་བ་དང་། ཨ་རིའི་རོགས་ཚོགས་ (IFES) ཞེས་པས་འོས་བསྡུའི་ཤེས་བྱ་གོ་རྟོགས་སྤེལ་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།ཁྱད་སྟོན་མི་སྣ་སྐུ་ཞབས་རུ་ཤི་དི་ (Rushdi Nackerdien) ལགས་དང་། སྐུ་ཞབས་ཝ་སུ་མོ་ཧན་ (Vasu Mohan) ལགས། དེ་བཞིན་ཉམས་ཞིབ་པ་བསྟན་འཛིན་དོན་ཡོད་ལགས་བཅས་ཀྱིས་རྒྱལ་སྤྱིའི་འོས་བསྡུའི་འཛིན་སྐྱོང་འགྲོ་ལུགས་ཐོག་ཟབ་སྦྱོང་གནང་རྒྱུ་དང་། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་སྐོར་ཟབ་སྦྱོང་གནང་རྒྱུ་ཡིན་ཞིང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ས་གནས་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་དྲུག་གིས་དུས་རྟག་ཏུ་སྒང་ཐོག་ས་གནས་འགོ་འཛིན་ལས་ཁུངས་ལ་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་དང་། མ་འོངས་པར་ཚོགས་པ་དེ་དག་གིས་མུ་མཐུད་འོས་བསྡུའི་ཐད་མཐུན་འགྱུར་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད། དབུས་འོས་བསྡུ་ལས་ཁང་གི་འབྲེལ་ཡོད་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།