༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༨ ཉིན་སྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་འཛུགས་ནས་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་དང་། བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་གནང་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། རྒྱ་གར་དབུས་གཞུང་གི་རིག་གཞུང་དང་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་སྐུ་མི་ནཀ་ཤི་ལེ་ཀི་མཆོག དེ་བཞིན་སྐུ་མགྲོན་དུ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག གཞན་གནད་ཡོད་མི་སྣ་སོགས་ཆེད་ཕེབས་གནང་ཡོད།སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་བགྲང་བྱ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད་ཅིང་། འདས་པའི་ལོ་ངོ་ལྔ་བཅུའི་གནས་སྟངས་ཐོག་གཙོ་བོ་༧སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་དང་། དེ་བཞིན་མཁན་པོ་ཨ་པད་རིན་པོ་ཆེ་མཆོག་སོགས་ཀྱིས་ཐུགས་རྗེའི་ཐོག་ནས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་དཔལ་ལྡན་ས་སྐྱ་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག་ཧ་ཅང་གི་བཀའ་དྲིན་ཆེན་པོ་བསྐྱངས་དང་སྐྱོང་བཞིན་ཡོད་པར་ཐོག་མར་ཚང་མར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།རྩ་བའི་ད་ལྟའི་ཆར་ང་ཚོ་ཆབ་སྲིད་ཀྱི་དཀའ་ངལ་འོག་བོད་གཞིས་བྱེས་གཉིས་སུ་གནས་དགོས་པ་ཆགས་ཡོད་ཅིང་། བོད་སྤྱི་ཡོངས་ལ་བསམ་བློ་བཏང་བ་ཡིན་ན། ཐོག་མར་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་བོད་མི་ཁྲི་བརྒྱད་ལྷག་ཙམ་བཙན་བྱོལ་ནང་ཐོག་མར་ཕེབས་འབྱོར་སྐབས་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་པའི་གནས་སྟངས་འོག་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་པ་རེད། ཡིན་ནའང་འདས་པའི་དུས་ཚོད་དེའི་རིང་མི་ཐོག་རྒན་པ་རྣམ་པའི་བཀའ་དྲིན་དང་། རྒྱ་གར་དབུས་དང་མངའ་སྡེའི་གཞུང་རེད། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། བོད་ཟེར་བ་དེར་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། གོམས་གཤིས། ཆོས་ལུགས་སོགས་སྣ་འཛོམས་པོ་ཡོད་མཁན་མི་རིགས་ཤིག་ཆགས་ཡོད། རྒྱ་གར་འཕགས་པའི་ཡུལ་དུ་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགོན་སྡེ་ཁག་སླར་གསོ་བྱུང་ཐུབ་པ་དེ་ཚོའི་ཐོག་བསམ་བློ་བཏང་བ་ཡིན་ན། ཧ་ལས་པའི་གྲུབ་འབྲས་ཆེན་པོ་ཐོབ་པ་འདྲ་པོ་མཐོང་གི་ཡོད། ང་ཚོ་བོད་ནང་དུས་རབས་བདུན་པ་ནས་བཟུང་སྟེ། རྒྱ་གར་འཕགས་པའི་ཡུལ་ནས་བོད་ནང་སངས་རྒྱས་པའི་བསྟན་པ་དར་འགོ་ཚུགས་ཤིང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་སྐབས་དུས་སོ་སོར་བསྟན་པར་ཉམས་ཆག་ཕྲན་བུ་ཕྱིན་ཡོད་ཀྱང་། མུ་མཐུད་ནས་སངས་རྒྱས་ཀྱི་བསྟན་པ་གནས་པའི་གནས་སྟངས་ཤིག་ཆགས་ཡོད། ཐོག་མར་ང་ཚོ་རྒྱ་གར་ནང་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་གནས་སྟངས་ཆགས་པ་ནས་ད་བར་གྱི་དུས་ཚོད་ལ་བལྟས་པ་ཡིན་ན། ཆོས་བརྒྱུད་སོ་སོའི་ངོས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ། གདན་ས་ཁག་གསར་འཛུགས་གནང་རྒྱུ། ལྷག་པར་དཔལ་ལྡན་ས་སྐྱ་པ་ལྟ་བུར་མཚོན་པ་ཡིན་ན། འཛམ་གླིང་ཧྲིལ་པོ་འདིའི་ཐོག་ལ་༧སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་མཆོག་གི་མཛད་འཕྲིན་ཁྱབ་ཐུབ་པ་མ་ཟད། ཁོང་ལ་མོས་པ་དང་དད་གུས་ཞུ་མཁན་སྐྱེ་བོ་འབུམ་ཕྲག་མང་པོ་ཆགས་ཐུབ་པ་དེ་འདྲ་བྱུང་ཡོད། དེ་ཡིན་དུས་བོད་ས་ཤོར་བའི་རྗེས་ལ་སྟབས་མི་ལེགས་པའི་གནས་སྟངས་འོག དེ་ཚོའི་ཐོག་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་པ་ཤིག་ལ་ངོས་འཛིན་བྱེད་ཆོག་པའི་གནས་སྟངས་འདྲ་པོ་ཆགས་ཀྱི་འདུག དཔལ་ས་སྐྱའི་ཁྲི་འཛིན་རྣམ་པ་རེད། མཐོ་སློབ་འདི་ནས་ཐོན་མཁན་རིན་པོ་ཆེ་རྣམ་པ་རེད། ཚང་མས་ས་སྐྱ་པའི་ཆོས་བརྒྱུད་ཙམ་མ་ཡིན་པར་འཛམ་གླིང་འདིའི་སྟེང་ནང་བསྟན་སྤྱིའི་ཐོག་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་ཧ་ལས་པའི་ཕྱག་ལས་ཡག་པོ་གནང་འདུག་པར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ང་ཚོའི་བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཡོད་པ་དེ་བོད་ཀྱི་སྐད་ཡིག་གཅིག་པུའི་ཐོག་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཐུབ་པའི་རིག་གཞུང་ཞེས་དང་། འཛམ་གླིང་གི་གཅེས་ནོར་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་ལྟར། དེ་ལྟར་ཆགས་ཀྱི་ཡོད་པ་རེད། བོད་བརྒྱུད་ནང་བསྟན་དང་། ལྷག་པར་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་ཆོས་ཆ་ཚང་བ་ཞིག་བསླབ་པ་སློབ་གཉེར་གནང་དགོས་ན། ང་ཚོ་བོད་ཀྱི་སྐད་ཡིག་གཅིག་པུའི་ཐོག་ནས་མ་གཏོགས་མཇལ་རྒྱུ་མེད། བོད་ནང་བརྒྱད་ཅུ་གྱ་གྲངས་སྐབས་སྲིད་བྱུས་ཕྲན་བུ་གུ་ཡངས་བྱུང་སྐབས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག་བོད་ཀྱི་བླ་ཆེན་རྣམ་པ་རེད། གནད་ཡོད་མི་སྣ་རྣམ་པ་མང་པོ་ཞིག་གིས་ཐུགས་ཁུར་ཆེ་བཞེས་ཀྱིས་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་ཀྱི་ཐོག་ཉམས་པ་སླར་གསོ་གང་འཚམས་བྱུང་བ་རེད། ད་ལྟའི་གནས་སྟངས་ལ་བལྟས་པ་ཡིན་ན། རྒྱ་དམར་གྱི་སྲིད་བྱུས་འོག་བོད་ནང་ཧ་ཅང་གི་ཉམས་ཆག་འགྲོ་བཞིན་ཡོད་པ་དང་། བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་དང་ཆོས་སྡེ་ཁག་རེད། དེ་བཞིན་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་དེ་བཞིན་སྲོག་རྩའམ་གཅེས་ནོར་ལྟ་བུར་ངོས་འཛིན་བྱས་ནས་རིག་གཞུང་ཕྱུག་ཏུ་གཏོང་བ་དང་། ཐུན་མོང་མ་ཡིན་པའི་ནང་ཆོས་ཟེར་བ་དེ་རིག་གཞུང་བླ་ན་མེད་པ་ཞིག་ཡིན་པར་ངོས་འཛིན་གནང་རྒྱུ། འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་རྒྱལ་ཁབ་ཚང་མས་འབད་བརྩོན་གནང་གི་ཡོད་པ་མ་ཟད། འཛམ་གླིང་ཞི་བདེ་གལ་ཆེར་བརྩིས་ནས་དེར་ཞི་བདེའི་གཟེངས་རྟགས་སོགས་འབུལ་གནང་གིས་སྐུལ་མ་གནང་གི་ཡོད་པ་རེད། ཡིན་ནའང་འཛམ་གླིང་ཞི་བདེའི་ཐོག་ལ་ཁ་ཡོད་ལག་ཡོད་ཀྱིས་བྱམས་པ་དང་། བརྩེ་བ། ལྷག་པར་འཚེ་བ་མེད་པའི་ལྟ་གྲུབ་ཐོག་ནས་གང་ཟག་སྒེར་གྱི་ཀུན་སློང་ཙམ་མ་ཡིན་པར། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་ནང་ལ་ཡོད་པ་དེ་ལ། གཞི་དང་། སྦྱོར་བ། བསམ་པ་ལ་སོགས་ཆ་ཚང་བ་ཡོད་མཁན་གྱི་ནང་པའི་རིག་གཞུང་ཕྱུག་པོ་ཞིག་ཡོད་པ་དེའི་ཐོག་གོང་སྤེལ་ཡོང་རྒྱུར་ང་ཚོ་ཚང་མས་ཤུགས་བརྒྱབ་དང་རྒྱག་བཞིན་ཡོད་པ་ལྟར། མ་འོངས་པར་ཡང་དེ་ལ་མུ་མཐུད་ནས་གཅེས་ནོར་ལ་ངོས་འཛིན་གྱིས་བོད་ཀྱི་སྐད་ཡིག་ཐོག་ལ་ཤུགས་སྣོན་འཕར་མ་བརྒྱབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།དེ་བཞིན་ནང་ཆོས་ཟེར་བ་དེ་གཙོ་བོ་རྒྱས་སྲས་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར་རེད། མི་ཙམ་མ་ཡིན་པར། འགྲོ་བ་རིགས་དྲུག་ཚང་མ་སོ་སོའི་ཐུན་མོང་མ་ཡིན་པའི་སོ་སོའི་སྐྱེ་བོའི་འདུ་ཤེས་རང་བཞིན་གྱིས་གཤིས་སུ་གྲུབ་ཡོད། དེའི་ཐོག་ནས་གང་ལྟར་དུག་ལྔ་ཡིན་ནའང་འདྲ། དུག་གསུམ་ཡིན་ནའང་འདྲ། ཁོང་ཁྲོ་དང་། ཞེ་སྡང་། ང་རྒྱལ་ལ་སོགས་ཀྱིས་མི་ཚེ་བསྐྱལ་པ་ཡིན་ན་སོ་སོ་རང་ཉིད་ཙམ་མ་ཡིན་པར་མི་གཞན་དང་། ཐ་ན་སྤྱི་ཚོགས་ཚང་མ་མ་སྐྱིད་པ་ཆགས་ཀྱི་ཡོད། ནང་ཆོས་ཀྱི་དེ་དག་མེད་པ་བཟོ་རྒྱུར་ཧ་ལས་པའི་ཕན་ཐོགས་ཐུབ་པ། རྣམ་འགྲེལ་ནང་། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་གསུངས་པ་དང་། བྱམས་པ་དང་། བརྩེ་བས་ཉོན་མོངས་རྩ་བ་ནས་སྤོང་མི་ཐུབ་པ་གསུངས་ཀྱི་ཡོད་ཀྱང་། གཞུང་ངོ་མའི་ཐོག་ནས་བཤད་ཡོང་དུས། ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་། ། ཞེས་གསུངས་པ་ལྟར། སྟོང་ཉིད་ཀྱི་ལྟ་བ་དང་། རྟེན་འབྱུང་གི་ཐོག་ནས་ཉོན་མོངས་དེ་སྤོང་ཐུབ་རྒྱུ། དེ་བཞིན་སོ་སོའི་རྒྱུད་ཀྱི་ཁོང་ཁྲོ་དང་། ང་རྒྱལ་སོགས་ཞི་ཐུབ་པ། དེས་སོ་སོའི་ཁོར་ཡུག་དང་སྤྱི་ཚོགས་ནང་ཕན་ཐོགས་ཐུབ་པའི་བྱས་རྗེས་འཇོག་ཐུབ་པ། དེ་ཚོའི་ཐོག་ལ་རྣམ་པ་ཚོས་ཤུགས་སྣོན་བརྒྱབ་དགོས་པ་གལ་ཆེན་པོ་རེད་འདུགསྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ལ་སྡེ་ཚན་ལྟ་བུ་ལྟ་གྲུབ་དང་། ཚན་རིག ནང་ཆོས་བཅས་གསུམ་ལ་ཕྱེ་ནས་འཛམ་གླིང་ནང་དོ་སྣང་ཤུགས་ཆེ་རུ་སླེབས་རྒྱུར་སྐུལ་མ་གནང་གི་ཡོད། དེ་ཚོའི་ཐོག་ལ་ང་ཚོའི་ངོས་ནས་ཞབས་འདེགས་ཞུ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། ང་ཚོ་གདན་ས་ཁག་གི་ནང་། དུས་ཚོད་མང་པོ་ཞིག་ནང་དོན་རིག་པའི་ཐོག་ལ་གཏོང་གི་ཡོད། ད་ལྟ་གོང་དུ་མཁན་པོ་མཚན་གནས་དང་། བཀའ་བཅུ་པའི་མཚན་གནས། སློབ་དཔོན་མཚན་གནས་སོགས་བཞེས་མཁན་མང་པོ་ཞིག་བྱུང་འདུག་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མ་འོངས་པར་མཁས་བཙུན་བཟང་གསུམ་གྱི་ཐོག་ནས་བསྟན་པ་སྤྱི་དང་། བྱེ་བྲག་ཚང་མར་གཞོགས་འདེགས་བླ་ན་མེད་པ་ཞུ་ཐུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཆེན་པོ་བཞིའི་ཐུན་མོང་མདོ་ཕྱོགས་ཐོག་ལ་ལྟ་གྲུབ་ཀྱི་མཐར་གཏུགས་ས་དེ་འདྲ་གཅིག་གྱུར་འདྲ་པོ་གཞུང་ལུགས་མང་པོ་འདུག མཁན་ཆེན་རྒྱ་མཚོ་མཆོག་གིས་ཁ་སྔོན་གོང་དུ་གསུངས་པ་ལྟར། མཁན་པོ་ཨ་པད་མཆོག་གི་གསུངས་དེ་ཚོ་ཧ་ལས་པ་རེད་འདུག ང་ཚོ་སྔགས་སྤྱི་དང་། སྔགས་བླ་མེད་ཀྱི་ཉམས་ལེན་ལ་ཐུན་མོང་མ་ཡིན་པའི་ལྟ་གྲུབ་སོགས་ཀྱི་ཐོག་གཅིག་གིས་གཅིག་ལ་ཐུགས་སྣང་གཤིན་པོ་ཡོང་རྒྱུར་ནང་ཁུལ་སློབ་སྦྱོང་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བསྟན་འགྲོ་སྤྱི་དང་། བྱེ་བྲག་བོད་གངས་ཅན་ལྗོངས་རེད། དེའི་ནང་ནས་ཆོས་བརྒྱུད་ནང་ཁུལ་ལ་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་རྒྱུར་དཔེ་མི་སྲིད་པའི་ཐུགས་ཁུར་རླབས་པོ་ཆེ་བཞེས་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་དག་ལ་དབུ་འོག་དཔུང་འདེགས་ཞུས་གནང་ཡོད་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། མཐའ་དོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་ས་སྐྱ་ཁྲི་འཛིན་རྣམ་པ་གཉིས་དང་། གཞན་ཡང་བླ་ཆེན་རྣམ་པ་སོགས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ས་སྐྱ་མཐོ་རིམ་སློབ་གྲྭའི་མཛད་འཕྲིན་དབྱར་གྱི་ཆུ་བོ་བཞིན་རྒྱས་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས། །