༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༨ ཉིན་གྱི་སྔ་དྲོ་རཱཇ་པུར་དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱ་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་བགྲང་བྱ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད།དེ་ཡང་དུས་དྲན་མཛད་སྒོའི་ཐོག་མར་རིགས་ཀྱི་བདག་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་རྗེས་ས་ཆེན་སློབ་གྲྭའི་སློབ་མ་ཁག་གཅིག་གིས་ལེགས་སྦྱར་སྐད་དུ་འཇམ་དབྱངས་བསྟོད་པ་གྱེར་དབྱངས་ཞུས་པ་དང་། འབུམ་རམས་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་ཨིན་ཧིན་གསུམ་སྐད་དུ་བྱོན་པ་ལེགས་སོའི་གསུང་བཤད་གནང་རྗེས་དཔལ་ས་སྐྱ་མཐོ་རིམ་སློབ་གྲྭ་ཆེན་མོའི་སློབ་སྤྱི་མཁན་པོ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་བོད་སྐད་དུ་མཛད་སྒོ་ངོ་སྤྲོད་དང་། མཁན་སྤྲུལ་དྭགས་པོ་ཞབས་དྲུང་ལགས་ཀྱིས་ཨིན་སྐད་དུ་མཛད་སྒོ་ངོ་སྤྲོད་གནང་རྗེས་རིགས་ཀྱི་བདག་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ནས་ལྔ་བཅུའི་རྗེས་དྲན་རྩོམ་ཡིག་ཆེད་དེབ་དབུ་འབྱེད་གནང་།དེ་ནས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་མཁན་པོའི་མཚན་གནས་ཕྱག་ཁྱེར་བཀའ་དྲིན་བསྐྱངས་པ་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་མཆོག་གིས་སློབ་དཔོན་གྱི་ཕྱག་ཁྱེར་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་མཆོག་གིས་བཀའ་བཅུ་པའི་ཕྱག་ཁྱེར་གནང་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་བགྲང་བྱ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད། འདས་པའི་ལོ་ངོ་ལྔ་བཅུའི་གནས་སྟངས་ཐོག་གཙོ་བོ་༧སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་དང་། དེ་བཞིན་མཁན་པོ་ཨ་པད་རིན་པོ་ཆེ་མཆོག་སོགས་ཀྱིས་ཐུགས་རྗེའི་ཐོག་ནས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་དཔལ་ལྡན་ས་སྐྱ་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག་ཧ་ཅང་གི་བཀའ་དྲིན་ཆེན་པོ་བསྐྱངས་དང་སྐྱོང་བཞིན་པར་ཚང་མར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
རྩ་བའི་ད་ལྟའི་ཆར་ང་ཚོ་ཆབ་སྲིད་ཀྱི་དཀའ་ངལ་འོག་བོད་གཞིས་བྱེས་གཉིས་སུ་གནས་དགོས་པ་ཆགས་ཡོད་ཅིང་། ཐོག་མར་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་བོད་མི་བརྒྱད་ཁྲི་ལྷག་ཙམ་བཙན་བྱོལ་དུ་ཐོག་མར་ཕེབས་འབྱོར་སྐབས་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་པའི་གནས་སྟངས་འོག་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་ནའང་མི་ཐོག་རྒན་པ་རྣམ་པའི་བཀའ་དྲིན་དང་། རྒྱ་གར་དབུས་དང་མངའ་སྡེའི་གཞུང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་ཟེར་བ་དེར་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། གོམས་གཤིས། ཆོས་ལུགས་སོགས་སྣ་འཛོམས་ཡོད་མཁན་གྱི་མི་རིགས་ཤིག་ཆགས་ཡོད། རྒྱ་གར་འཕགས་པའི་ཡུལ་དུ་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགོན་སྡེ་ཁག་སླར་གསོ་བྱུང་ཐུབ་པ་དེ་ཚོའི་ཐོག་བསམ་བློ་བཏང་བ་ཡིན་ན། ཧ་ལས་པའི་གྲུབ་འབྲས་ཆེན་པོ་ཐོབ་པ་ལྟ་བུ་མཐོང་གི་ཡོད། ང་ཚོ་བོད་ནང་དུས་རབས་བདུན་པ་ནས་བཟུང་སྟེ། རྒྱ་གར་འཕགས་པའི་ཡུལ་ནས་བོད་ནང་སངས་རྒྱས་པའི་བསྟན་པ་དར་འགོ་ཚུགས་ཤིང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་སྐབས་དུས་སོ་སོར་བསྟན་པར་ཉམས་ཆག་ཕྲན་བུ་ཕྱིན་ཡོད། འོན་ཀྱང་མུ་མཐུད་སངས་རྒྱས་ཀྱི་བསྟན་པ་གནས་པའི་གནས་སྟངས་ཆགས་ཡོད། ཆོས་བརྒྱུད་སོ་སོའི་ངོས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དང་། གདན་ས་ཁག་གསར་འཛུགས་གནང་རྒྱུ། ལྷག་པར་དཔལ་ལྡན་ས་སྐྱ་པ་ལྟ་བུར་མཚོན་པ་ཡིན་ན། འཛམ་གླིང་ཧྲིལ་པོ་འདིའི་ཐོག་ལ་༧སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་མཆོག་གི་མཛད་འཕྲིན་ཁྱབ་ཐུབ་པ་མ་ཟད། ཁོང་ལ་མོས་པ་དང་དད་གུས་ཞུ་མཁན་སྐྱེ་བོ་འབུམ་ཕྲག་མང་པོ་ཆགས་ཐུབ་པ་དེ་འདྲ་བྱུང་ཡོད། དེར་བརྟེན་བོད་ས་ཤོར་བའི་རྗེས་ལ་སྟབས་མི་ལེགས་པའི་གནས་སྟངས་འོག་དེ་ཚོའི་ཐོག་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་པ་ཞིག་ལ་ངོས་འཛིན་བྱེད་ཆོག་པའི་གནས་སྟངས་ཆགས་ཀྱི་འདུག དཔལ་ས་སྐྱའི་ཁྲི་འཛིན་རྣམ་པ་རེད། མཐོ་སློབ་འདི་ནས་ཐོན་མཁན་རིན་པོ་ཆེ་རྣམ་པ་རེད། ཚང་མས་ས་སྐྱ་པའི་ཆོས་བརྒྱུད་ཙམ་མ་ཡིན་པར། འཛམ་གླིང་འདིའི་སྟེང་ནང་བསྟན་སྤྱིའི་ཐོག་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་ཧ་ལས་པའི་ཕྱག་ལས་ཡག་པོ་གནང་འདུག་པར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་རྗེས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གསུང་བཤད་གནང་།དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་བསྟན་བདག་བླ་ཆེན་རྣམ་པས་སྐུ་ལས་བསྐྱོན་པར་བརྟེན་བོད་བརྒྱུད་ནང་བསྟན་རྒྱ་གར་ནང་སླར་གསོ་གནང་ཐུབ་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་ཏོག་དབྱིབས་གཉན་རིམས་རྩ་གཏོར་གྱི་སྲིད་བྱུས་ཁ་ལ་གཡར་ནས་དམ་བསྒྲགས་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་དང་བཅས་པ་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ། བོད་ཀྱི་དགོན་སྡེ་ཁག་ནས་ཧི་མ་ལ་ཡ་རི་རྒྱུད་ཀྱི་གྲྭ་བཙུན་རྣམས་ལ་སློབ་སྦྱོང་གནང་གི་ཡོད་པ་དང་། མ་འོངས་པར་དེ་ལྟར་རྒྱུན་གནས་ཡོང་བར་ཧི་མ་ལ་ཡ་རི་རྒྱུད་ཀྱི་མངའ་སྡེའི་གཞུང་སོ་སོ་ནས་བོད་ཀྱི་དགོན་སྡེ་ཁག་ལ་མཐུན་འགྱུར་རོགས་རམ་གནང་ཐུབ་པའི་རེ་བ་རྒྱག་གི་ཡོད་སྐོར་གསུངས།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་སྦྱོང་གཅིག་པུའི་ཕན་མི་ཐོགས་པར་གཙོ་བོ་ལག་ལེན་གནང་དགོས་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་སྒེར་ངོས་ནས་ལས་དོན་ག་རེ་བསྒྲུབ་དགོས་བྱུང་བ་ཡིན་ནའང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མཐུན་པའི་ལས་དོན་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་གིས་གསུང་བཤད་གནང་བ་དང་འབྲེལ་སྦྱིན་བདག་རྣམ་པར་ཐུགས་རྗེ་ལེགས་འབུལ་གྱི་དྲན་རྟེན་ཕྱག་རྟགས་གནང་།དེ་རྗེས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས། ཆོས་ཁས་ལེན་མཁན་དང་ཁས་མི་ལེན་མཁན། དེ་བཞིན་འབུ་སྲིན་ཕྲ་མོ་སོགས་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་དངོས་གནས་དེ་ཆོས་ཀྱི་བསླབ་བྱའི་ཐོག་ནས་ཡོང་གི་ཡོད། ཐོག་མར་བཙན་བྱོལ་དུ་ཕེབས་དུས་ས་དང་གནམ་མ་གཏོགས་ངོ་ཤེས་མེད་པའི་སྐབས་དཀའ་ངལ་ཆེན་པོ་ཞིག་གི་འོག་ནས་ཕྱི་ལོ་ ༡༩༧༢ ལོར་བཤད་གྲྭ་བཙུགས་པ་དང་། སློབ་གཉེར་བ་རྣམས་ནས་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ། མུ་མཐུད་ཚང་མས་ཐོས་བསམ་འཆད་ཉན་གནང་དགོས་པ་སོགས་ཀྱི་བཀའ་སློབ་གནང་རྗེས་སྐུ་མགྲོན་གཙོ་བོ་རྒྱ་གར་རྒྱ་གར་དབུས་ཤེས་རིག་དང་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་སྐུ་མེ་ནཱག་ཤི་ལེ་ཁི་ (Mrs. Meenakshi Lekhi) མཆོག་གིས་གསུང་བཤད་གནང་།༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་ཤེས་རིག་དང་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་སྐུ་མེ་ནཱག་ཤི་ལེ་ཁི་མཆོག་དང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སོགས་ལ་བཀའ་དྲིན་རྗེས་དྲན་གྱི་དྲན་རྟེན་ཕྱག་རྟགས་གནང་།མཐར་བྱམས་ཆེན་ལྷ་ཁང་གི་དབུ་འཛིན་བླ་མ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་བོད་ཨིན་ཧིན་གསུམ་གྱི་སྐད་དུ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་རིགས་ཀྱི་བདག་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་ཤེས་རིག་དང་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་སྐུ་མེ་ནཱག་ཤི་ལེ་ཁི་མཆོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་བཅས་ནས་ལྔ་བཅུའི་དྲན་རྟེན་རྡོ་རིང་བཀྲ་ཤིས་པའི་ཚིགས་བཅད་ཀྱིས་སྣེ་དྲངས་ནས་དབུ་འབྱེད་གནང་བ་དང་འབྲེལ་མཛད་སྒོ་ལེགས་པར་གྲོལ་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་ཤེས་རིག་དང་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་སྐུ་མེ་ནཱག་ཤི་ལེ་ཁི་མཆོག རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་བཅས་ལ་དྭགས་དབུས་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་ཡན་ལག་སློབ་གྲྭ་འབྲི་གུང་བཀའ་བརྒྱུད་རྡོ་རྗེ་དབྱངས་དབུ་འབྱེད་མཛད་སྒོར་ཕེབས་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཕགས་བོད་གཉིས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་གི་འབྲེལ་བ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་རྗེས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་ཤེས་རིག་དང་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་སྐུ་མེ་ནཱག་ཤི་ལེ་ཁི་མཆོག་གིས་གསུང་བཤད་གནང་སྟེ་མཛད་སྒོའི་ལས་རིམ་ཁག་ལེགས་པར་གྲུབ་ཡོད་པ་བཅས།།