༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༦ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྭི་ཌན་གྱི་སྲིད་བློན་གསར་པ་སྐུ་ཞབས་ཀྲྀསྚར་སོན་ (Ulf Kristersson) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་གནང་འདུག
དེ་ཡང་མཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་སྭི་ཌན་གྱི་སྲིད་བློན་དུ་གསར་འདེམས་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། ཟླ་བ་འདིའི་ནང་ཕྲན་རང་སྭི་ཌན་དུ་འཁྱུག་ཙམ་རིང་བསྐྱོད་རྒྱུའི་གོ་སྐབས་བྱུང་ལ་དེ་ནི་སྭི་ཌན་དུ་བསྐྱོད་པ་ཐོག་མ་ཆགས་ཡོད་པ་མ་ཟད། རྗེས་དྲན་འོས་པ་ཞིག་ཏུ་གྱུར་སོང་། སྐབས་དེར་གུས་པར་སྣེ་ལེན་གཟབ་རྒྱས་གནང་བར་སེམས་འགུལ་ཆེན་པོ་ཐེབས་བྱུང་།
སྐུ་ཉིད་ཀྱི་རྒྱལ་ཁབ་དང་མི་མང་ནས་ང་ཚོར་རྒྱུན་རིང་རྒྱབ་སྐྱོར་གཡོ་མེད་གནང་བར་བཀའ་དྲིན་ཆེན་པོ་ཡིན། བོད་དང་བོད་མིར་དཀའ་ངལ་ཆེ་བའི་དུས་སྐབས་འདིར་བོད་ནང་དྲག་གནོན་འཚམས་འཇོག་ཆེད་སྐུ་ཉིད་ཀྱི་དབུ་ཁྲིད་འོག་ང་ཚོར་མུ་མཐུད་རྒྱབ་སྐྱོར་དགོས་མཁོ་ཧ་ཅང་ཆེ། སྐུ་ཉིད་ཀྱིས་མཛད་འགན་བཞེས་རྗེས་སྐུ་ཉིད་ཀྱི་རྩ་འཛིན་ལྡན་ཞིང་ནུས་པ་ཆེ་བའི་དབུ་ཁྲིད་ལམ་སྟོན་ལྟར་སྭི་ཌན་གྱིས་བོད་བརྗེད་མེད་པའི་བརྡ་ལན་དང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོག་རོལ་གཏོང་བཞིན་པར་འགན་འཁུར་འཇུག་རྒྱུར་ནན་བརྗོད་གནང་སྐྱོང་ཡོང་བའི་རེ་ལྟོས་བྱེད་ཀྱི་ཡོད། ཅེས་གསུངས་འདུག་པ་བཅས།།