༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་རི་ཤི་སུ་ནཱག་མཆོག་ལ་འཚམས་འདྲི་གནང་འདུག
དེ་ཡང་མཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཨིན་ཡུལ་གྱི་སྲིད་བློན་དུ་གསར་འདེམས་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། བོད་དང་ཨིན་ཡུལ་བར་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་ཅིང་། ལྷག་པར་ཕྱི་ལོ་ ༡༩༦༠ ཙམ་ནས་བཟུང་ཨིན་ཡུལ་དུ་བོད་མི་མང་དག་གནས་སྤོ་དང་། རྗེས་སོར་ཨིན་གཞུང་དང་ང་ཚོའི་གྲོགས་པོ་གྲོས་ཚོགས་འཐུས་མི་རྣམ་པ་དང་། ཞི་བདེར་དགའ་བའི་ཨིན་ཡུལ་མི་མང་ནས་བོད་དང་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་ཡོད། ང་ཚོས་ཀྱང་ཨིན་ཡུལ་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་དམ་བསྒྲགས་བཀའ་ཆད་ཀྱི་ཁྲིམས་འཆར་ (UK Global Human Right Sanctions Regime) ལག་བསྟར་གནང་རྒྱུ་མཚོན་གོ་ལ་སྤྱི་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གནང་བཞིན་པར་བསྔགས་བརྗོད་ཞུ། ཞེས་དང་།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨིན་ཡུལ་གཞུང་ནས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་དང་གནང་བཞིན་པར་བཀའ་དྲིན་རྗེས་དྲན་ཞུས་གནང་བ་དང་སྦྲགས། སྲིད་བློན་གསར་པས་ཨིན་ཡུལ་གཞུང་དམངས་ཀྱི་བདེ་སྡུག་སླད་ཡོང་འགྱུར་གྱི་དཀའ་ངལ་ལ་གདོང་ལེན་གནང་སྐབས་བོད་དོན་སྐོར་གླེང་སློང་དང་། བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་དབང་གནོན་མཚམས་འཇོག་ཡོང་བར་ཕན་གྲོགས་ཡོང་བའི་འབོད་སྐུལ་ཞུས་འདུག་པ་བཅས།།