༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༣ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གོ་སྒྲིག་ཞུས་པའི་ཨེ་ཤི་ཡ་དང་ཨོསྟྲ་ཨེ་ཤི་ཡ་མངའ་ཁུལ་གྱི་བོད་དོན་ཚོགས་འདུའི་ཚོགས་བཅར་བ་རྣམས་ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ ཙམ་ལ་རྡ་ས་ནོར་བུ་གསོལ་མགྲོན་ཁང་གི་ཞི་བདེ་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གོ་སྒྲིག་ཞུས་པའི་ཨེ་ཤི་ཡ་དང་ཨོསྟྲ་ཨེ་ཤི་ཡ་མངའ་ཁུལ་གྱི་བོད་དོན་ཚོགས་འདུའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་ངོ་བོ་དང་འཕེལ་རིམ། དབུ་མའི་ལམ་དེ་བཞིན་མང་མོས་བསམ་ཚུལ་བསྡུ་ལེན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་སྐོར་ངོ་སྤྲོད་དང་། དེ་བཞིན་རྒྱལ་སྤྱི་དང་རྒྱ་ནག་ནང་གི་གནས་སྟངས་རྒྱུས་ལོན་གནང་གལ་ཆེ་བ་མ་ཟད། ལྷག་པར་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཞིབ་འཇུག་གནང་གལ་ཆེ་བ་དང་། དེ་འབྲེལ་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྟེང་དུ་ཞུ་གཏུག་དང་དྲིལ་བསྒྲགས་སྔར་ལྷག་ཡོང་ཆེད་སྐབས་བཅུ་དྲུག་པའི་བཀའ་ཤག་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དབུ་འཛུགས་གནང་སྟེ་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་རིགས་ཡོངས་ནས་ས་གནས་སྲིད་གཞུང་དང་གྲོས་ཚོགས། ཚོགས་སྡེ་ཁག་ལ་བོད་དོན་ཞུ་གཏུག་བྱ་རྒྱུར་དམིགས་ཚད་བཟུང་ཡོད་སྐོར་ངོ་སྤྲོད་གནང་སོང་།བོད་དོན་ཞུ་གཏུག་དོན་དང་ལྡན་པ་ཡོང་བར་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དགོས་གལ་ཆེ་བ་ལྟར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནི་བོད་རིགས་གཞོན་སྐྱེས་རྣམས་ནུས་པ་ལྡན་པ་བཟོ་ཆེད་ཡིན། གང་ཡིན་ཟེར་ན་ཕྱིའི་རྒྱབ་སྐྱོར་གྱི་རེ་བ་མ་བྱེད་སྔོན་ལ་བོད་མི་རྣམས་དེར་མཉམ་ཞུགས་ཐུབ་པ་དགོས། དེའི་ཆེད་བོད་ཀྱི་ལོ་རྒྱུས་ཤེས་དགོས་པ་ཡིན། གལ་སྲིད་ཁྱེད་ཚོས་བོད་ཀྱི་ལོ་རྒྱུས་མ་ཀློག་ན། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་ནམ་ཡང་ན་བོད་རིག་པར་ཉམས་ཞིབ་བྱེད་མཁན་ཕུད་གཞན་སུས་ཀྱང་བོད་ཀྱི་ལོ་རྒྱུས་ཀློག་གི་མ་རེད། གལ་ཏེ་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་མ་ཀློག་ན་བོད་དོན་སྐོར་གྱི་ལོག་བཤད་ལ་ཁ་གཏད་གཅོག་མི་ཐུབ། དེས་ན། གྲ་སྒྲིག་དགོས་རྒྱུ་གལ་ཆེན་པོ་ཡིན། གྲ་སྒྲིག་བྱེད་པར་བོད་ཀྱི་ལོ་རྒྱུས་ཤེས་དགོས་ཤིང་དེ་ལས་གཞན་པའི་ཐབས་ལམ་མེད། ཅེས་སོགས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་མཧི་ཀལ་ཝན་ཝལཊ་ (Micheal Van Walt Van Praag) ལགས་ཀྱིས་ལོ་མང་རིང་བོད་རྒྱ་གཉིས་ཀྱི་འབྲེལ་བར་ཉམས་ཞིབ་གཏིང་ཟབ་གནང་འབྲས་སུ་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་པའི་མཇུག་སྡོམ་བརྒྱབ་ཡོད་སྐོར་དང་། དེ་མཚུངས་རྒྱ་རིགས་གཙུག་ལག་སློབ་དཔོན་ལའུ་ལགས་ཀྱིས་ཀྱང་རྒྱ་ནག་གི་ཡིག་ཆ་གཙོ་བོར་ཉམས་ཞིབ་གནང་བའི་གྲུབ་འབྲས་སུ་བོད་དེ་རྒྱའི་ཁོངས་སུ་རྩིས་མེད་པའི་ཕྱོགས་སྡོམ་བརྒྱབ་ཡོད་སྐོར་སོགས་ངོ་སྤྲོད་དང་འབྲེལ། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཐོག་བཙན་འཛུལ་བྱས་པ་ཁྲིམས་འགལ་ཡིན་པ་ཤེས་ཀྱི་ཡོད་ནའང་དེ་ཉིད་རྒྱལ་སྤྱིའི་སྟེང་ནས་ཁྲིམས་མཐུན་བཟོ་ཐབས་བྱེད་ཀྱི་ཡོད་ཅིང་། གལ་ཏེ་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གིས་བཤད་པ་དེར་ཉན་ན་དེ་ནི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཁྲིམས་འགལ་ཆགས་ཀྱི་ཡོད་པ་གསུངས། དེ་ལས་འཕྲོས་ཏེ་རྒྱལ་ཁབ་ཁག་གཅིག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་ཚུལ་བཤད་པ་ནི་སྔ་ཕྱི་འགལ་འདུ་ཅན་ཡིན་པ་གསུངས། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཉམ་རུབ་ཀྱིས་རྒྱ་ནག་གི་སྟོབས་ཤུགས་ལ་ཁ་གཏད་གཅོག་དགོས་སྐོར་དང་། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ལ་བྲེལ་བ་བྱེད་ཀྱི་ཡོད་པ་མ་ཟད། དེའི་ཐོག་རྒྱལ་སྤྱིའི་སྟེང་བགྲོ་གླེང་བྱེད་བཞིན་ཡོད་ནའང་། ཡང་སྲིད་ཀྱི་གནད་དོན་དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་གནང་སྒོ་ཞིག་ཡིན་པས། མགོན་པོ་གང་ཉིད་མཆོག་གིས་ཐུགས་ཐག་གཅད་རྒྱུ་ལས་དེ་ཉིད་ཆབ་སྲིད་དུ་གྱུར་མི་རུང་བ་དང་། སྲིད་སྐྱོང་ངོས་ནས་ཀྱང་དེ་ལ་ཐེ་གཏོགས་བྱེད་རྒྱུ་མིན་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་རྗེས་ཚོགས་བཅར་བ་ཁག་གཅིག་གི་དོགས་དྲི་ཕུལ་བ་རྣམས་ལ་ལན་འདེབས་གནང་ཡོད་པ་བཅས།།