༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་ཚོགས་ཁང་དུ་རྒྱ་གར་གསར་འགོད་ལས་རིགས་སློབ་གཉེར་བ་ཁག་གཅིག་ལ་བོད་དོན་སྐོར་གསུང་བཤད་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སློབ་གཉེར་བ་རྣམས་ལ་གནའ་དུས་ནས་འཕགས་བོད་བར་འབྲེལ་བ་བྱུང་སྟངས་དང་། རྒྱ་གར་ནས་བོད་དུ་ནང་པ་སངས་རྒྱས་པའི་བསྟན་པ་དར་འཕེལ་བྱུང་རིམ་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་ནི་འཛམ་གླིང་གི་མཐོ་སྒང་དུ་གྲགས་པ་ལྟར་ཨེ་ཤི་ཡའི་གཙང་པོ་ཆེ་གྲས་མང་པོའི་འབྱུང་ཁུངས་ཡིན་ནའང་དུས་རབས་ཉི་ཤུ་པའི་ནང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོར་ཆུ་མཛོད་བརྒྱབ་སྟེ་གཙང་པོའི་བཞུད་འགྲོས་ལ་འགྱུར་བ་བཏང་བ་མ་ཟད། འབག་བཙོག་ཅན་དུ་སྒྱུར་སྟབས་ཆུ་བོ་དེ་དག་ལ་བརྟེན་ནས་འཚོ་བའི་མི་མང་ཁྲི་ཕྲག་མང་པོའི་འཚོ་བར་དོ་ཕོག་འགྲོ་གི་ཡོད་སྐོར་དང་། དེང་སྐབས་མི་མང་པོས་གནམ་གཤིས་འགྱུར་ལྡོག་གི་ངན་འབྲས་སྐོར་ཤོད་ཀྱི་ཡོད་ནའང་བོད་ཀྱི་སྐོར་ཤོད་མཁན་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཧ་ཅང་ཉུང་ངུ་ཡིན། འཛམ་གླིང་དམག་ཆེན་གསུམ་པ་ཆུའི་རྐྱེན་བྱས་ཏེ་རྒྱག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད། མ་འོངས་པར་ཆུའི་གནད་དོན་དེ་གལ་གནད་ཆེན་པོར་འགྱུར་ངེས་ཤིང་། ད་ལྟ་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་རེད། གལ་ཏེ་བོད་ཀྱི་ཁོར་ཡུག་ལ་བདག་གཅེས་མ་བྱས་ན་ཁོར་ཡུག་གི་སྐྱབས་བཅོལ་བ་མང་པོ་ཆགས་སྲིད་པ་རེད་ཅེས་སོགས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་རྒྱ་གར་ནང་དུ་བོད་མིའི་གཞིས་ཆགས་ཁག་ཚུགས་པའི་བརྒྱུད་རིམ་དང་། བཙན་བྱོལ་ནང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་བསྐྱར་འཛུགས་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས། བོད་རྒྱ་འབྲེལ་མོལ་བྱུང་རིམ་དང་དམིགས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་འབྲེལ་ཏེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པས་འཆར་གཞི་ལྡན་པའི་ཐོག་ནས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་འཛུགས་སྐྲུན་བྱས་ཏེ་བོད་ཕྲུག་རྣམས་རང་ཉིད་ཀྱི་ཕ་མ་དང་རིག་གཞུང་ལས་ཐག་ཇེ་རིང་དུ་བཏང་ནས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྩིས་བྱེད་ཀྱི་ཡོད་ཅེས་སོགས་དང་།
ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དེ་ཁྲིམས་འགལ་ཡིན་པ་ཤེས་ཀྱི་ཡོད་ནའང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ནས་དེ་ཉིད་ཁྲིམས་མཐུན་བཟོ་ཐབས་རྩོམ་གྱི་ཡོད། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད། དེང་སྐབས་རྒྱལ་ཁབ་འགའ་ཤས་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ཟེར་བཞིན་ཕྱོགས་གཞན་ཞིག་ནས་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱབ་འགལ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་སྐོར་གསུངས་རྗེས་སློབ་ཕྲུག་དང་དགེ་རྒན་རྣམས་ཀྱི་དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་ལྡི་ལི་གསར་འགོད་ལས་རིགས་སློབ་གྲྭའི་སློབ་གཉེར་བ་ ༢༦ དང་དགེ་རྒན་གཉིས་བཅས་བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་པའི་བཞུགས་སྒར་ཁུལ་གྱི་སློབ་གྲྭ་དང་། ཚོགས་སྡེ་ཁག་ཏུ་ཤེས་རིག་ལྟ་སྐོར་སླད་འབྱོར་ཡོད་པ་བཅས།།