༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡༠ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་ཕྱི་དྲིལ་བཀའ་བློན་ནོར་འཛིན་འཛིན་སྒྲོལ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་ཁག་གཅིག་བཅས་ཀྱིས་སྣེ་འཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བྷར་ལིན་དུ་རྟེན་གཞི་བྱས་པའི་ཧྥན་ཌིཀ་ནོ་མཱན་ཐེབས་རྩའི་ (Friedrich Naumann Foundation for Freedom) ལས་ཁུངས་སུ་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཨེ་ནི་ཊི་ཝི་ཊི་ (Annett Witte, CEO of the FNF ) ལགས་དང་། ཚོགས་པའི་རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་རེ་ནེ་ཀཱ་ལབ་ (Dr Rene Klaff, Head of the International Department) ལགས། ཚོགས་པའི་རྒྱལ་སྤྱིའི་གནད་དོན་ཚན་པའི་འགན་འཛིན་ལྕམ་སྐུ་མེ་ཁཱ་ལ་ལི་སའོ་སི་ཀི་ (Dr Michaela Lissowski, Head of Global Themes Unit) ལགས། ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐུ་ཞབས་སཱ་ལིམ་ཨ་མིན་ (Dr Salim Amin, Human Rights Officer) ལགས། ཚོགས་པའི་ཨེ་ཤི་ཡའི་ཚན་པའི་འགན་འཛིན་སྐུ་ཞབས་ཅར་ལེ་སི་ཌུ་ཝི་ན་ཇི་ (Charles du Vinage, Head of the Asia Desk) ལགས་བཅས་དང་མཇལ་འཕྲད་གནང་ཡོད།དེ་ནས་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་ལེན་ཊིན་ཨ་བྷེལ་ (Valentin Abel) མཆོག་དང་ལྷན་མཇལ་འཕྲད་གནང་། སྐུ་ཞབས་ཝ་ལེན་ཊིན་ཨ་བྷེལ་མཆོག་ནི་དགུང་ལོ་ ༣༡ རེད་འདུག་པ་དང་། ཁོང་ཇར་མན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ལོ་ན་ཆུང་ཤོས་རེད་འདུག གཞན་ཡང་མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་ཁོང་གི་ཕྱག་རོགས་ལས་བྱེད་ཨན་ཌི་རི་ལེ་མན་ (Andre Lehmann) ལགས་ཀྱང་ཆེད་བཅར་གནང་ཡོད།
དེ་རྗེས་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རོགས་སྐྱོར་ཚན་པའི་མགྲིན་ཚབ་པ་སྐུ་ཞབས་པི་ཊར་ཧེ་ཌི་ (Peter Heidt, Spokesman for Human Rights and Humanitarian Aid for the parliamentary group in the German federal parliament) མཆོག་དང་། འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་། དེ་བཞིན་ཨེ་ཤི་ཡ་དང་རྒྱ་ནག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཕེ་རན་མུ་ལར་རོ་སན་ཊི་རི་ཊི་ (Frank Muller-Rosentritt, a member of the committee on foreign relations with a focus on Asia and China) མཆོག་རྣམ་གཉིས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད།
ཕྱི་ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པས་འཇར་མན་གྲོས་ཆོགས་འཐུས་མི་སྐུ་ཞབས་མེ་ཀལ་བྷ་རན་ཌི་ (Michael Brand) མཆོག་དང་། གྲོས་ཚོགས་འཐུས་མི་ (Klaus-Peter Willsch ) མཆོག འཇར་མ་ནཱི་ནང་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་སྐུ་ཞབས་ཤས་ཏྲི་ཝའི་ (H.E Dr Shieh Jhy-Wey, the Taiwanese Ambassador to Germany) མཆོག་དང་མཇལ་འཕྲད་གནང་སྟེ་འཇར་མན་ཁུལ་དུ་བོད་དོན་ཞུ་གཏུག་མུ་མཐུད་གནང་མུས་ཡིན་པ་བཅས།།