༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༩ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་བཅས་འཇར་མ་ནཱིའི་གྲོང་ཁྱེར་མུ་ནིག་གནམ་ཐང་དུ་ཕེབས་འབྱོར་སྐབས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། མུ་ནིག་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་རྒྱལ་ཁབ་འཇར་མ་ནཱིར་གཞུང་འབྲེལ་འཚམས་གཟིགས་དབུ་བཙུགས་ཀྱིས་ཐོག་མར་བྷ་ཝེ་རི་ཡ་ (Bavaria) མངའ་སྡེའི་གྲོས་ཚོགས་ཀྱི་ལས་ཐོག་ཚོགས་གཞོན་དང་། མངའ་སྡེའི་རིག་གཞུང་དང་གསར་འགྱུར་ཚན་པའི་བློན་ཆེན་ཟུར་པ་སྐུ་ཞབས་ཝོལ་ཕི་གྷང་ (Dr. Wolfgang Heubisch) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་བཅས་ལྷན་བཅར་ཞུས་ཡོད།ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་རྣམ་པ་བཅས་ནས་འཇར་མ་ནཱིའི་གྲོང་ཁྱེར་མུ་ནིག་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་ལ་ཐུག་འཕྲད་གནང་གྲུབ་རྗེས་འཇར་མ་ནཱི་རྒྱལ་ས་བྷར་ལིན་དུ་ཆེད་ཕེབས་ཀྱིས་རང་དབང་མང་གཙོ་སྲིད་དོན་ཚོགས་པའི་ (Free Democratic Party) ཁོངས་གཏོགས་འཇར་མ་ནཱིའི་གུ་ཡངས་གཞོན་སྐྱེས་ཚོགས་པ་ཆེ་ཤོས་ཀྱི་སྐུ་ཚབ་གཞོན་སྐྱེས་རྣམས་དང་ཐུག་འཕྲད་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།