༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༠༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་ཚོགས་ཁང་དུ་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་བོད་མིའི་སྒྲིག་འཛུགས་དང་བོད་རིགས་གཞོན་སྐྱེས་ཀྱི་འགན་ཁྲིའི་སྐོར་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་སྲིད་བྱུས། དེ་བཞིན་ལྷན་ཁང་ཁག་གི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་སྐོར་གསུངས་ཡོད། ལྷག་པར་བོད་ཀྱི་མང་གཙོའི་ལམ་སྲོལ་དེ་བཞིན་འཛམ་གླིང་སྟེང་གི་མང་གཙོའི་རྒྱལ་ཁབ་གྲགས་ཆེ་གྲས་ཨ་རི་དང་རྒྱ་གར་ནས་དཔེ་བླངས་པ་གང་ཞིག་ལ་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་ལམ་སྲོལ་ཁྱད་པར་བ་ཞིག་ཆགས་ཡོད་པ་དང་། ཆབ་སྲིད་ཚོགས་པ་མེད་པའི་རྐྱེན་གྱིས་གྲོས་ཚོགས་འཐུས་མི་རྣམས་ཆབ་སྲིད་ཚོགས་པའི་ལངས་ཕྱོགས་དང་ཤུགས་རྐྱེན་འོག་འགྲོ་མི་དགོས་པར་སོ་སོའི་རྣམ་དཔྱོད་ཀྱི་རྩལ་བསྟན་རྒྱུའི་གོ་སྐབས་ཆ་ཚང་ཡོད་སྐོར་གསུངས།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་རབས་བརྗེ་འགྱུར་མཚམས་སུ་གཞོན་སྐྱེས་རྣམས་ཀྱིས་འགན་ཁུར་ཕྱོགས་ཐད་གསུང་དོན། ཕྱི་ལོ་ ༡༩༥༩ རྗེས་བལ་ཡུལ་ནང་དུ་བོད་པ་ཇི་ལྟར་སླེབས་པ་དང་། གཞིས་ཆགས་ཇི་ལྟར་ཚུགས་པ། གདན་གྱི་བཟོ་གྲྭ་རིགས་ཇི་ལྟར་བཙུགས་པ། བལ་པོ་དང་བོད་མིའི་བར་གྱི་འབྲེལ་བ་ཇི་ལྟར་ཡོད་པ་ཚང་མར་དོ་སྣང་བྱེད་དགོས། དེ་དག་ཚང་མ་ང་ཚོའི་སྤྱི་ཚོགས་ཀྱི་སྒྲུང་རེད། དེ་དག་ཁྱེད་ཚོའི་ཕ་མས་མྱངས་ཤིང་མཐོང་ཡོད། སྒྲུང་དེ་དག་ཉན་དགོས་ཤིང་དེ་ལྟར་བྱས་ན་གཞན་ལ་བཤད་ཐུབ་པ་མ་ཟད། ཁྱེད་ཚོའི་མི་རབས་རྗེས་མ་དང་ཕྲུ་གུ་ཚོ་ལའང་བཤད་རྒྱུ་ཡོང་ངེས་རེད། ད་ལྟ་ཁྱེད་ཚོས་སྒྲུང་མ་ཉན་ན་ཁྱེད་ཚོའི་ཕ་མ་དང་ཕ་མའི་ཕ་མ་སྐོར་སྒྲུང་ཤོད་མཁན་མེད།
ངའི་མི་རབས་ལྟ་བུ་ཡིན་ན་ཕ་མ་ཚོ་རྒྱ་གར་དུ་སླེབས་ཏེ་མི་རབས་དང་པོ་ཆགས་ཀྱི་ཡོད། ང་ཚོའི་མི་རབས་ཚོས་ཕ་མའི་འགྲམ་ནས་སྒྲུང་མང་པོ་ཉན་ཡོད་པ་རེད། དེ་དག་ང་ཚོའི་ཕྲུ་གུར་བཤད་ཐུབ་པ་བྱེད་དགོས། སྒྲུང་དེ་དག་ང་ཚོས་ཁྱེད་ཚོར་བཤད་མ་ཐུབ་ན་མི་རབས་གཉིས་བར་གྱི་ཟམ་པ་དེ་ང་ཚོས་བྱེད་མ་ཐུབ་པ་རེད། མ་འོངས་པར་ཁྱེད་རང་ཚོའི་རྗེས་མའི་མི་རབས་ཀྱི་ཟམ་པ་དེ་ཁྱེད་ཚོས་བྱེད་དགོས། ཁྱེད་ཚོས་འགན་འདི་ཁྱེར་བར་གནས་ཚུལ་ཤེས་དགོས་ཀྱི་ཡོད། ཅེས་སོགས་དང་།
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་གཟིགས་པ་དང་ཕུགས་རྒྱང་རིང་པོའི་དགོངས་གཞི་ལ་བརྟེན་ནས་ད་ལྟ་བཙན་བྱོལ་ནང་གི་བོད་མིའི་སྤྱི་ཚོགས་དེ་བཞིན་སྒྲོམ་གཞི་ལྡན་ཞིང་ཚགས་ཚུད་པོ་ཆགས་ཡོད་པ་དང་། དེ་ལྟ་བུའི་སྒྲིག་འཛུགས་དང་སྤྱི་ཚོགས་དེ་ཉིད་བོད་མི་གཞོན་སྐྱེས་རྣམས་ནས་མུ་མཐུད་རྒྱུན་སྐྱོང་གནང་དགོས་སྐོར་དང་། རང་ཉིད་བོད་མི་ཞིག་ཏུ་སྐྱེས་ཡོད་པས་དམིགས་བསལ་གྱི་ལས་འགན་འཕར་མ་ཡོད་པ་ཤེས་རྟོགས་དགོས་གལ་ཆེ་བའི་སྐོར། དེ་བཞིན་བོད་དོན་གཙོ་བོར་གྱུར་པའི་འཛམ་གླིང་གི་གནས་སྟངས་ལ་རྒྱུས་ལོན་བྱས་ཏེ་མཐོ་སློབ་འགྲིམས་སྐབས་མི་རིགས་གཞན་གྱི་སློབ་ཕྲུག་རྣམས་ལ་བོད་དོན་སྤྱི་དང་། སྒོས་སུ་བོད་ནང་གི་གནས་སྟངས་འགྲེལ་བཤད་རྒྱག་ཐུབ་དགོས་སྐོར་སོགས་ཀྱི་ཐད་གསུང་བཤད་གནང་གྲུབ་རྗེས་སློབ་ཕྲུག་ཁག་གཅིག་གི་དྲི་བར་ལན་འདེབས་གནང་ཡོད།
སྤྱིར་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་འཆར་ཅན་བཞུགས་སྒར་རྡ་རམ་ས་ལར་ཤེས་རིག་ལྟ་སྐོར་དུ་འཁྲིད་སྲོལ་འདུག་པ་བཞིན་འདི་ལོའི་ཤེས་རིག་ལྟ་སྐོར་ཁོངས་སུ་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༣༤ དང་དགེ་རྒན་གཉིས་བཅས་ཕེབས་འདུག་ཅིང་། ཁོང་རྣམས་ཟླ་བ་འདིའི་ཕྱི་ཚེས་ ༠༨ བར་དུ་བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་བའི་བཞུགས་སྒར་ཁུལ་གྱི་བོད་ཀྱི་བསྟི་གནས་ཆེ་ཁག་ཏུ་ཤེས་ཡོན་ལྟ་སྐོར་དུ་བསྐྱོད་འཆར་འདུག་པ་བཅས།།