༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྦེལ་ཇམ་དུ་གཞུང་འབྲེལ་འཚམས་གཟིགས་ཉིན་གཉིས་པའི་སྐབས་སྦར་སེལ་ཉིན་རེའི་གསར་ཤོག་གི་གསར་འགོད་པའི་བཅར་འདྲི་ལ་དང་ལེན་དང་། ཧྥི་རེ་ཌིག་ནོ་མཱན་རང་དབང་ཐེབས་རྩ་ཁང་གི་ལས་བྱེད་རྣམས་དང་ཐུག་འཕྲད་གནང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་བཅས་ནས་སྦེལ་ཇམ་གཞུང་གི་ལས་བྱེད་མི་སྣ་རྣམས་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་རྩ་གཏོར་གྱི་སྲིད་བྱུས་ལ་ཁ་གཡར་ནས་བོད་དུ་དམ་བསྒྲགས་བྱེད་བཞིན་པ་མ་ཟད། རིགས་རྫས་ (DNA) ཞེས་པའི་གནས་ཚུལ་བསྡུ་རུབ་བྱས་དང་བྱེད་བཞིན་པ། དེ་བཞིན་བོད་པའི་སློབ་ཕྲུག་རྣམས་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་དང་གཏོང་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་གི་གནས་སྟངས་སྐོར་འགྲེལ་བརྗོད་གནང་སྐབས་སྦེལ་ཇམ་གཞུང་གི་ལས་བྱེད་རྣམ་པས་ཐུགས་སྣང་ཆེན་པོའི་སྒོ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་གནང་གི་ཡོད་སྐོར་གསུངས་པ་མ་ཟད། སྦེལ་ཇམ་གཞུང་གི་ལས་བྱེད་ཅིག་གིས། རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་གཏོར་བཏང་དང་གཏོང་བཞིན་པ་ནི་འགྲོ་བ་མིའི་རིགས་ལ་གྱོང་གུད་ཚབས་ཆེན་ཕོག་ཡོད། ཅེས་གསུངས། དགོང་དྲོ་སྦེལ་ཇམ་སྐུ་ཚབ་དོན་གཅོད་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་གསོལ་ཚིགས་རྒྱས་པ་ཞིག་འདེགས་འབུལ་ཞུས་ཡོད།
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེལ་ཇམ་དུ་གཞུང་འབྲེལ་འཚམས་གཟིགས་ཁག་ལེགས་པར་གྲུབ་རྗེས་སྦལ་ཇམ་ནས་འཇར་མན་གྱི་རྒྱལ་ས་བྷིར་ལིན་ལ་ཕེབས་ཐོན་གནང་སྐབས་ས་གནས་བོད་མི་ཚོས་སྦར་སེལ་གནམ་ཐང་བར་དུ་སྦག་སྦག་བཏང་ནས་ཕེབས་སྐྱེལ་ཞུས་ཡོད་པ་བཅས།།