༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༠༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་ཚོགས་ཁང་དུ་དཱི་སུམ་ (Disom Foundation) ཞེས་པའི་ཚོགས་པའི་སློབ་གཉེར་བ་ཁག་གཅིག་ལ་བོད་ཀྱི་ལོ་རྒྱུས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་ཡང་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དུས་རབས་བདུན་པའི་སྐབས་རྒྱ་གར་ནས་བོད་དུ་ནང་ཆོས་དར་ཚུལ་ཐེ་བའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བྱུང་རིམ་ལོ་རྒྱུས་དང་། འཕགས་བོད་གཉིས་ཀྱི་གནའ་དེང་འབྲེལ་ལམ། བོད་དོན་ལ་རྒྱ་གར་གཞུང་གི་གཟིགས་ཕྱོགས་དང་སྲིད་བྱུས་འཛིན་སྟངས་ཇི་ཡོད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་གསར་རྒྱག་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྩིས་བྱེད་པ་མ་ཟད། བོད་མི་རྣམས་ཀྱི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱེད་བཞིན་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ངོ་སྤྲོད་དང་། དེ་བཞིན་བོད་མཐོ་སྒང་གི་གལ་གནད་དང་འབྲེལ་ཏེ་བོད་ནི་འཛམ་གླིང་གི་མཐོ་སྒང་དང་སྣེ་གསུམ་པ་ཞེས་ཡོངས་སུ་གྲགས་པ་ལྟར་བོད་ནས་ཐོན་པའི་ཆུ་བོ་ཆེ་ཁག་ལ་ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་གར་དང་། རྒྱ་ནག བཱངྒ་ལ་དེཤ བལ་ཡུལ། པཱ་ཀིསྟཱན་སོགས་ཀྱི་མི་མང་ཐེར་འབུམ་གཅིག་ལྷག་གི་འཚོ་བ་དངོས་ཤུགས་བརྒྱུད་གསུམ་ནས་བརྟེན་ཡོད་ཅིང་། ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་དེ་དག་འབག་བཙོག་ཅན་དུ་སྒྱུར་བ་མ་ཟད། ཆུ་མཛོད་བརྒྱབ་སྟེ་ཆུའི་རྒྱུག་སྒྲོས་ལ་འགྱུར་བ་གཏོང་གི་ཡོད་སྟབས། གཙང་ཆུ་དེ་དག་ལ་བརྟེན་ནས་སྡོད་མཁན་མི་མང་སྟོང་ཕྲག་མང་པོའི་འཚོ་བར་དོ་ཕོག་འགྲོ་གི་ཡོད་སྐོར་དང་།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་ནང་དུ་མང་གཙོའི་འཕེལ་རིམ་དང་། གཞིས་ཆགས་ཁག་ཆགས་ཚུལ། འཛིན་སྐྱོང་གི་སྒྲོམ་གཞི་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་གྲུབ་རྗེས་སློབ་གཉེར་བ་ཁག་གཅིག་གི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད། སྤྱིར་དཱི་སུམ་ཞེས་པའི་ཚོགས་པ་དེ་བཞིན་མ་འོངས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཞབས་ཞུ་བ་གསོ་སྐྱོང་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་འདུག་པ་དང་། ཚོགས་པའི་ཟླ་བ་བཅོ་ལྔའི་རིང་གི་ལས་གཞི་ཐེངས་གཉིས་པ་འདི་ལོའི་ཕྱི་ཟླ་ ༠༩ ཚེས་ ༡༥ ཉིན་ཀང་ར་རྫོང་ནང་ཡོད་པའི་སམ་བྷ་བ་ན་བསྟི་གནས་ཁང་ (Sambhaavnaa Institute) དུ་དབུ་འཛུགས་གནང་འདུག་པ་ལྟར། ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་སློབ་གཉེར་བ་རྣམས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་གནས་བབ་གོ་རྟོགས་སླད་འབྱོར་འདུག་པ་བཅས།།