༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་ཟུར་པ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་། དྲུང་ཆེ་གསར་པ་དཔལ་ལྡན་དོན་གྲུབ་ལགས་རྣམ་གཉིས་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ནང་སྲིད་དྲུང་ཆེ་ཟུར་པ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས། སྤྲོད་དཔང་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་བཅས་ལྷན་འཛོམས་ཀྱི་ཐོག་མར་དྲུང་ཆེའི་བདག་ཉར་འོག་ཡོད་པའི་གལ་ཆེའི་ཡིག་སྣོད་དང་། ཚན་པ་སོ་སོའི་ཁྱབ་ཁོངས་ལས་བྱེད་རྣམ་པའི་བདག་ཉར་འོག་ཡོད་པའི་ཡིག་སྣོད་དང་འཛིན་ཆས་རྣམས་རྩིས་སྤྲོད་རྩིས་ལེན་གནང་རྗེས་དྲུང་ཆེ་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གནང་གྲུབ་མཚམས་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ལ་འཚམས་འདྲི་དང་། དྲུང་ཆེ་ཟུར་པ་ཤོ་ཟུར་ཚེ་དབང་སྒྲོལ་ལགས་ལ་ཐུགས་རྗེ་ལེགས་འབུལ་གྱི་མགུལ་དར་ཕུལ་གྲུབ་བསྟུན་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་ཡོད།སྐབས་དེར་ནང་སྲིད་དྲུང་ཆེ་ཟུར་པ་ཚེ་དབང་སྒྲོལ་མ་ལགས་ཀྱི་གསུང་དོན། ངས་བོད་མིའི་སྒྲིག་འཛུགས་ལ་ཕྱི་ལོ་ ༡༩༧༩ ལོར་སྲི་ཞུ་སྒྲུབ་འགོ་བཙུགས་ཏེ་ད་བར་མི་ལོ་ ༤༠ ལྷག་རིང་ཞབས་འདེགས་བསྒྲུབས་པ་ཡིན། ནང་སྲིད་ལས་ཁུངས་རང་ནས་སྲི་ཞུ་བསྒྲུབས་ཏེ་ལོ་ངོ་ ༢༠ འགྲོ་ཡི་འདུག ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་ཕྱག་ལས་ཡག་པོ་གནང་དང་གནང་བཞིན་ཡོད་སྟབས། དཔལ་ལྡན་བཀའ་ཤག་སྐབས་གོང་མ་དང་ད་ལྟའི་དཔལ་ལྡན་བཀའ་ཤག་ནས་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་རྣམས་མིག་དཔེ་ལྟ་ས་ལྟ་བུར་བརྩིས་གནང་གི་ཡོད། ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་རྣམས་དང་། ལྷག་པར་ས་གནས་འགོ་འཛིན་རྣམ་པས་མཉམ་རུབ་ཀྱིས་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ངས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གསར་པ་དཔལ་ལྡན་དོན་གྲུབ་ལགས་ཀྱི་སྐོར་ངོ་སྤྲོད་དང་། ད་བར་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་རྣམས་ཧ་ཅང་འཆམ་པོ་དང་མཐུན་པོ་ཡོད་པས། ལས་བྱེད་རྣམས་ཀྱིས་མུ་མཐུད་མཉམ་རུབ་དང་འཆམ་པོ་གནང་རོགས། ཞེས་འབོད་སྐུལ་ཞུས་གནང་ཡོད་པ་མ་ཟད། ལས་བྱེད་རྣམ་པས་ལས་དོན་རྣམས་དུས་ཐོག་སྒྲུབ་དགོས་པ་དང་། ལས་དོན་སྒྲུབ་སྐབས་ལས་དོན་རྣམས་འགྲུབ་ཀྱི་ཡོད་མེད་ཀྱི་གནས་སྟངས་གོང་རིམ་ལ་ཁ་གསལ་ཞུ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།དེ་ནས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ནང་ལས་བྱེད་གསར་པ་འཛུལ་མཁན་ནས་བཟུང་ལས་བྱེད་རྙིང་ཤོས་བར་མེད་དུ་མི་རུང་བའི་ལས་བྱེད་གཅིག་ཀྱང་མེད། ལས་བྱེད་འདི་མེད་ན་བོད་མིའི་སྒྲིག་འཛུགས་སྦོ་ལུག་གི་རེད་ཅེས་པའི་ལས་བྱེད་གཅིག་ཀྱང་མེད། ལས་བྱེད་ཅིག་རང་ཉིད་ཀྱི་འདོད་པ་དང་མི་མཐུན་པའི་ས་གནས་སུ་བཏང་བའི་རྒྱུ་མཚན་ལ་བརྟེན་ནས་དགོངས་པ་ཞུས་པ་ཡིན་ནའང་བོད་མིའི་སྒྲིག་འཛུགས་ལ་ཁྱད་པར་གང་ཡང་མེད། བོད་མི་རིགས་ཀྱི་ཆེད་དུ་ཞབས་ཕྱི་ཞུ་བར་ཡོང་བ་ཡིན་ནམ། ཐོབ་ཐང་རྩོད་སླད་ཡོང་བ་རེད་འདི་བསམ་བློ་ངེས་པར་དུ་གཏོང་དགོས། གལ་ཏེ་བོད་མི་རིགས་ཀྱི་ཆེད་ཞབས་ཕྱི་ཞུ་བར་ཡོང་བ་ཡིན་ན། བོད་མི་རིགས་ཀྱི་ཞབས་ཕྱི་ཞུ་ཆེད་ས་ཁུལ་གང་དུ་བཏང་བ་ཡིན་ནའང་ཞབས་ཕྱི་ཞུ་གི་ཡིན་ཞེས་པའི་ཀུན་སློང་དེ་དགོས་ཀྱི་ཡོད་པ་རེད། ཅེས་དང་། དེ་རིང་ནས་བཟུང་ང་ཚོ་མཉམ་དུ་ལས་ཀ་བྱེད་འགོ་བཙུགས་པ་རེད། རྣམ་པ་ཚོས་ད་བར་ཧུར་ཐག་གནང་བར་ཐུགས་རྗེ་ཆེ། ལས་བྱེད་ནང་ཁུལ་འཆམ་མཐུན་དགོས་ཀྱི་ཡོད། ལས་བྱེད་ཅིག་གིས་འགལ་འཛོལ་ཕྲན་བུ་བྱས་པ་དེ་ཡོངས་གྲགས་བྱེད་རྒྱུའི་འདོད་པ་ཁྱོན་ནས་མེད། ཚང་མས་ནོར་འཁྲུལ་ཤོར་གྱི་རེད། ལྷག་པར་ལས་ཀ་བྱེད་མཁན་གྱིས་ནོར་འཁྲུལ་ཤོར་གྱི་རེད། བདེ་སྐྱིད་དགོས་ན་མཐུན་སྒྲིལ་བྱེད་དགོས་པ་དེ་གཙོ་བོ་རེད། སེམས་ནང་བདེ་སྐྱིད་ཡོད་ན་ལས་ཁུངས་ནང་ཡོང་འདོད་ཡོང་གི་རེད། སེམས་ནང་བདེ་སྐྱིད་དང་མཐུན་འབྲེལ་མེད་ན་ལས་ཁུངས་ནང་ཡོང་འདོད་ཡོང་གི་མ་རེད། ལས་ཁུངས་ནང་ལས་བྱེད་གསར་པ་ཞིག་བསྐོ་གཞག་གནང་བ་ཡིན་ན་ཚང་མས་རྒྱུས་སྟོན་བྱེད་དགོས། ང་ཚོ་མཉམ་དུ་ལས་ཀ་བྱེད་རྒྱུ་འགོ་བཙུགས་པ་རེད། ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་དང་བརྩེ་སེམས་བཅིངས་ནས་ལས་ཀ་བྱེད་དགོས་རེད་མ་གཏོགས་ཁ་རྡུང་དང་ཚིག་རྒྱག་རྒྱག་པ་སོགས་བྱེད་ན་ཁྱོན་ནས་འགྲིག་གི་མ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། །