༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་ཐའེ་ཝན་རྒྱལ་ཁབ་ལོ་ ༡༡༡ འཁོར་བའི་དགོང་ཚིགས་རྒྱས་སྟོན་མཛད་སྒོར་མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༠ ཉིན་ཐའེ་ཝན་གཞུང་ནས་ཐའེ་པེ་གཞུང་མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་ཐའེ་ཝན་རྒྱལ་ཁབ་ལོ་ ༡༡༡ འཁོར་བའི་དགོང་ཚིགས་རྒྱས་སྟོན་མཛད་སྒོར་གནད་ཡོད་སྐུ་མགྲོན་ངོ་བོར་མགྲོན་འབོད་གནང་བ་བཞིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་མཉམ་ཞུགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐའེ་ཝན་རྒྱལ་ཁབ་དང་མི་མང་ལ་རྒྱལ་ཁབ་དུས་ཆེན་ཉིན་མོར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།
མཛད་སྒོར་ཐའེ་ཝན་སྲིད་འཛིན་ལྕམ་སྐུ་ཚའི་ཡེ་ཝན་མཆོག་གིས་གཙོས་པའི་སྲིད་འཛིན་གཞོན་པ་མཆོག་དང་། ཐའེ་ཝན་ཕྱི་སྲིད་བཀའ་བློན་གྱིས་གཅོས་པའི་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། དེ་བཞིན་ཐའེ་ཝན་དུ་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་རྣམ་པ་དང་འབྲེལ་ཡོད་བཅས་མཉམ་ཞུགས་གནང་ཡོད།
མཛད་སྒོའི་ཐོག་ཐའེ་ཝན་གྱི་གསོལ་རྒྱུན་རོལ་དབྱངས་དང་གཞས་སྣ་འཁྲབ་སྟོན་བཅས་གཟིགས་འབུལ་དང་། དགོང་ཚིགས་གསོལ་སྟོན་བཅས་འདེགས་འབུལ་ཞུས་གནང་ཡོད་པ་བཅས། །