༄༅། །ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༡ ཉིན་ནས་ཟླ་གྲངས་གཉིས་རིང་གི་བོད་ཡིག་སློབ་ཁྲིད་ཀྱི་འཛིན་གྲྭ་འགོ་ཚུགས་ཡོད་པ་དང་། ཉི་ཧོང་སྐུ་ཚབ་དོན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ་བོད་ཡིག་འཛིན་གྲྭར་དངོས་སུ་བཅར་མཁན་དང་དྲ་རྒྱ་བརྒྱུད་མཉམ་ཞུགས་གནང་མཁན་ཡོངས་ལ་ཕེབས་བསུ་དང་སྦྲགས། བོད་དང་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞེས་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་། རིག་གཞུང་། སྐད་ཡིག་བཅས་སློད་ཁྲིད་ཀྱི་མཐུན་འགྱུར་གནང་རྒྱུ་ཡིན་པའི་སྐོར་གསུངས་ཡོད།
གཞན་ཡང་ཉི་ཧོང་སྐུ་ཚབ་དོན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱལ་ཁབ་གཞན་གྱི་རིག་གཞུང་དང་སྒྱུ་རྩལ་སོགས་ཤེས་རྟོགས་བྱེད་པར་ཕྱིའི་སྐད་ཡིག་སྦྱང་དགོས་པའི་གལ་གནད་དང་། བོད་ཀྱི་རིག་གཞུང་ལ་གཙོ་བོ་གཡུང་དྲུང་བོན་དང་བོད་བརྒྱུད་ནང་བསྟན་གྱིས་ཤུགས་རྐྱེན་ཐེབས་ཡོད་པ། བོད་བརྒྱུད་ནང་བསྟན་རྒྱ་གར་འཕགས་པའི་ཡུལ་ནས་བོད་ལ་དུས་རབས་བདུན་པ་དང་བརྒྱད་པ་སོགས་ཀྱི་ནང་རྒྱ་གར་གྱི་ལེགས་སྦྱར་སྐད་ནས་བསྒྱུར་བ་ཡིན་པ། བོད་བརྒྱུད་ནང་བསྟན་སྦྱང་བར་བོད་ཡིག་ཡག་ཤོས་ཡིན་པ་སོགས་ཀྱི་སྐོར་གསུངས་ཡོད། ཉི་ཧོང་དུ་ཏོག་དབྱིབས་གཉན་རིམས་ཀྱི་ཐེམ་སྤང་བཀའ་རྒྱ་མུ་མཐུད་ལག་བསྟར་བྱེད་ཀྱི་ཡོད་སྟབས། ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་བོད་ཡིག་འཛིན་གྲྭ་འཚོགས་སྐབས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་བྱེད་སྒོ་ཁག་འཐུས་ཚང་གནང་གི་ཡོད། བོད་ཡིག་འཛིན་གྲྭར་བཅར་མཁན་ཕལ་ཆེ་བ་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ཁུལ་དང་། དྲ་རྒྱ་བརྒྱུད་མཉམ་ཞུགས་གནང་གི་ཡོད་ཅིང་། གཞོན་སྐྱེས་བུད་མེད་ཅིག་ཏོ་ཆི་གི་ (Tochigi) ས་ཁུལ་ནས་ཡོང་གི་ཡོད། སློབ་ཕྲུག་རྣམས་ཀྱིས་བོད་ཡིག་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་དང་རིག་གཞུང་ལ་ཧ་ཅང་ཐུགས་སྣང་གནང་གི་ཡོད་པ་རེད།
ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བཀྲ་ཤིས་གཡང་འཛོམས་ལགས་དང་། ཚེ་ལྷ་ལགས། ཧཱ་སེ་གཱ་ཝ་ (Hasegawa) ལགས་བཅས་ཀྱིས་ཉི་ཧོང་སྐུ་ཚབ་དོན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་བོད་ཡིག་སློབ་ཁྲིད་ལ་རམ་འདེགས་གནང་རྒྱུ་ཡིན་ཞིང་། བོད་ཡིག་འཛིན་གྲྭ་དེ་བཞིན་ཟླ་གྲངས་གཉིས་རིང་རེས་གཟའ་སྤེན་པ་ནམ་ཡིན་ལ་འཚོག་གཏན་ཁེལ་ཡོད་པ་བཅས།།