༄༅། །ཁེ་ན་ཌར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ཌེ་ཝི་ཌི་མ་ཊ་སི་ (David Matas) ལགས་ཀྱིས་ཉི་ཧོང་གི་གྲོས་ཚོགས་འོག་མའི་ཚོགས་ཁང་དུ་རྒྱ་ནག་གཞུང་གིས་རྒྱ་ནག་དང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་ཏུ་འགྲོ་བ་མིའི་ནང་ཁྲོལ་བཏོན་པའི་ (Bloody Organ Harvesting) སྐོར་ཉན་ཞིབ་གནང་སྐབས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་མཉམ་ཞུགས་གནང་ཡོད།
སྐུ་ཞབས་ཌེ་ཝི་ཌི་མ་ཊ་སི་ལགས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གིས་ཐོག་མར་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པའི་ནང་ཁྲོལ་བཏོན་པ་དང་། ཕྱིས་སུ་ཡུ་གུར་དང་གྲངས་ཉུང་མི་རིགས་གཞན་གྱི་ནང་ཁྲོལ་བཏོན་ཡོད་པའི་སྐོར་སྤྱན་བསྟར་གནང་བ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཀག་འགོག་མ་གནང་ཚེ་རྒྱ་ནག་གཞུང་གིས་མུ་མཐུད་བཙན་དབང་གིས་བཙོན་པ་རྣམས་ཀྱི་ནང་ཁྲོལ་ལེན་ངེས་ཡིན་པའི་ཉེན་བརྡ་བཏང་གནང་ཡོད། ཉན་ཞིབ་དང་གཏམ་བཤད་ཀྱི་ལས་རིམ་དེ་བཞིན་ཉི་ཧོང་ཡུ་གར་མཐུན་ཚོགས་དང་སྨན་བཅོས་ཀྱི་སྡེབ་གསོད་མཚམས་འཇོག་ (Stop Medical Genocide) ཞེས་པའི་གཞུང་ཁོངས་མིན་པའི་ཚོགས་པས་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ཉི་ཧོང་བ་གྲངས་བཅུ་ཙམ་ཆེད་ཕེབས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་ནང་ཁྲོལ་བཏོན་པར་མཐའ་གཅིག་ཏུ་ངོ་རྒོལ་གནང་ཡོད།ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། སྐུ་ཞབས་ཌེ་ཝི་ཌི་མ་ཊ་སི་ལགས་ཀྱིས་སྤྱན་བསྟར་གནང་བར་ཐུགས་རྗེ་ཆེ་ཞེས་དང་། རྒྱ་ནག་གཞུང་གིས་བཙོན་ཁང་དུ་འདས་གྲོངས་སུ་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཕུང་པོ་རྣམས་འབྲེལ་ཡོད་ནང་མིར་སྤྲོད་ཀྱི་མེད་པ་དེས་རྒྱ་ནག་གཞུང་གིས་བོད་ནང་དུའང་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་ནང་ཁྲོལ་འདོན་བཞིན་པ་སྟོན་གྱི་ཡོད་ཅེས་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པའི་སྐོར་སྙན་ཐོ་བཏོན་ཡོད་པའི་ངོ་སྤྲོད་གནང་ཡོད།ཉི་ཧོང་ཡུ་གར་མཐུན་ཚོགས་ཀྱི་ཚོགས་གཞོན་ཧེལ་མེ་ཊི་ (Halmat Rouzi) ལགས་དང་། ལྷོ་སོག་ལྷན་ཚོགས་ཀྱི་ཚོགས་གཙོ་ཊམ་ཚེལ་ཊི་ (Temtselt Shobchuud) ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་ཡུ་གུར་དང་ལྷོ་སོག་ཁག་ཏུ་མིའི་ནང་ཁྲོལ་བཏོན་ཡོད་པའི་སྐོར་གསུངས་ཡོད། གཞན་ཡང་ཆོས་འཁོར་སྒོམ་སྒྲུབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཨིན་ན་ག་གི་ (Inagagi Kentaro) ལགས་ཀྱིས། ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ་རྣམས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དྲག་གནོན་འོག་དཀའ་སྡུག་མྱངས་པའི་སྐོར་དང་། ཞི་ཅིན་ཕིང་གིས་རྒྱ་ནག་གི་སྲིད་འཛིན་ལས་ཡུན་གསུམ་བྱེད་སྐབས་འཛམ་གླིང་སྤྱི་དང་ལྷག་པར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དཀའ་ངལ་འཕྲད་ངེས་ཡིན་པའི་སྐོར་གསུངས་ཡོད།ཉན་ཞིབ་ཀྱི་ལས་རིམ་ནང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་། ཤེས་ལྡན་མི་སྣ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། གཞུང་ཁོངས་མིན་པའི་ཚོགས་པ་ཁག དེ་བཞིན་གསར་འགོད་པ་སོགས་ཕེབས་ཡོད། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མི་དང་གསར་འགོད་པ་རྣམས་ལ་བོད་དོན་སྐོར་གླེང་སློང་དང་དཔེ་དེབ་འགྲེམས་སྤེལ་གནང་ཡོད་པ་དང་། ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ལྷན་ཉི་ཧོང་དོན་ཁང་གི་འབྲེལ་ཡོད་ལས་བྱེད་ཚེ་ལྷ་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་ཧོང་གྲོས་ཚོགས་འོག་མའི་ནང་ཉན་ཞིབ་ཚོགས་འདུར་མཉམ་ཞུགས་གནང་བ།
གསར་གནས།
འབྲེལ་གནས།