༄༅། །དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སོ་ནམ་སློབ་སྟོན་པ་ས་མིག་གྲངས་ ༡ ཆོད་གན་ངོ་བོའི་ཐོག་བསྐོ་བཞག་ཞུ་རྒྱུར་དགོས་མཁོའི་ཆ་རྐྱེན་ཁག་གཤམ་གསལ་ལྟར་ཚང་དགོས།
༡། ཤེས་ཚད། མཐོ་སློབ་ཐོན་པའམ་དེ་དང་མཉམ་པའི་ངོས་ལེན་ཡོད་པའི་ཤེས་ཚད་ལག་འཁྱེར་དགོས། དེ་ལྟར་མེད་ནའང་ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པའམ་ཡང་ན་དེ་དང་མཉམ་པའི་ངོས་ལེན་ཡོད་པའི་ཤེས་ཚད་ལག་འཁྱེར་ཡོད་པ་གང་ཞིག་སོ་ནམ་ལས་དོན་ཐོག་དོ་དབྱིངས་དང་འདུན་སེམས་ཡོད་པ།
༢། ཉམས་མྱོང་། ཤེས་ཚད་ལག་འཁྱེར་དགོས་མཁོ་ལྟར་ཡོད་པ་གང་ཞིག་ཨི་རྫི་རལ་ ( ISRAEL) དང་ཉི་ཧོང་ (JAPAN) OISCA ལ་སོ་ནམ་སྦྱོང་བརྡར་དང་གླ་ཡོད་ལས་རིགས་ལ་བསྐྱོད་དེ་རྙོག་གླེང་མེད་པར་ཕྱིར་འཁོར་བྱུང་བའི་ན་གཞོན་དང་། རྒྱུན་གཏན་སོ་ནམ་ཞིང་ལས་ཐོག་གོ་རྟོགས་དང་རྒྱུས་ལེན་ཡོད་མཁན་ལ་དམིགས་བསལ་དགོངས་བཞེས་ཡོང་རྒྱུ།
༣། ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ།
༣་༡། དོ་བདག་གི་ཞུ་སྙན་དང་། ཤེས་ཚད་ལག་འཁྱེར་གྱི་ངོ་བཤུས།
༣་༢། དྭང་བླངས་དཔྱ་དངུལ་ལག་དེབ་འབུལ་འབབ་གཙང་ཕུལ་ཟིན་པའི་ངོ་བཤུས།
༣་༣། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) ཡོད་ན་དང་། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་གྱི་ངོ་བཤུས།
༣་༤། གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༣་༥། འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར།
༣་༦། སོ་ནམ་ལས་དོན་ཐོག་དེ་སྔ་ཟབ་སྦྱོང་དང་ལས་སྦྱོང་སོགས་ནང་འཛུལ་ཞུགས་བྱས་པའི་ལག་འཁྱེར་ཡོད་ཚེ་དེའི་ངོ་བཤུས།
༣་༧། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར།
༤། ཕོགས་དང་ཁེ་ཕན་མཐུན་རྐྱེན།
༤་༡། ཟླ་རེར་སྒང་ཕོགས་ཧིན་སྒོར་ ༢༠,༧༩༠་༠༠ ཐོབ་རྒྱུ་དང་། ཐོབ་ཐང་གཞན་ཁག་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཆོད་གན་ལས་བྱེད་དང་སྤྱི་མཚུངས་ཡིན།
༥། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་སྲི་ཞུ་བ་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (attestation) ཞུས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༠ ཉིན་རྒྱབ་ཆུ་ཚོད་ ༥ འགྱངས་མེད་ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་དཔར་ཨང་། གློག་འཕྲིན། (E-mail) སོགས་ཁ་གསལ་བཀོད་དེ་ནང་སྲིད་ལས་ཁུངས་སུ་གློག་འཕྲིན་བརྒྱུད་ནང་སྲིད་དྲུང་ཆེའི་མཚན་ཐོག་ཏུ་ [email protected], [email protected] གང་རུང་ལ་འཚང་སྙན་དང་ཡིག་ཆ་ཁག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། ཡིག་ཆ་ངོ་མ་རྣམས་འདེམས་རྒྱུགས་སྐབས་མིག་སྟོན་དགོས་པར་ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་གྲངས་སྐབས་མཚམས་གློག་འཕྲིན་བརྒྱུད་གསལ་ཆ་ཡོང་རྒྱུ་བཅས་ཡོངས་ཁྱབ་གསལ་བསྒྲགས་སུ།
ནང་སྲིད་ལས་ཁུངས་ནས་ ༢༠༢༢ ཟླ་ ༡༠ ཚེས་ ༢༧ ལ།།