༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་གཅིག་གིས་རང་སྐད་ཐོག་དཀོན་མཆོག་རྗེས་དྲན་གྱི་མདོ་གསུང་འདོན་དང་། དེ་རྗེས་རྒྱ་རིགས་སེར་སྐྱ་མི་མང་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་འབྲེལ་སིངྒ་པོར་ནང་པའི་ཆོས་ཚོགས་ཀྱི་སྐུ་ཚབ་དང་། ལྷོ་ཤར་ཨེ་ཤེ་ཡའི་དགེ་འདུན་པ་དང་བཙུན་མ་ཁག་གཅིག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལ་རབ་བྱེད་ཉེར་བདུན་ཡོད་པ་རེད། མཇུག་ཏུ་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བའི་ཚིག་ནི། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ཞེས་སོགས་ཚིགས་བཅད་འདི་རེད། འདི་ནི་ཧ་ཅང་འདུས་ཆེན་པོ་འདུག བརྩེ་བ་སྙིང་རྗེ་ཆེན་པོའམ་ཐུགས་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། སྡུག་བསྔལ་གྱི་རྩ་བ་མི་ཤེས་པའི་རྨོངས་པ་སེལ་ཆེད་ཕྱིན་ཅི་ལོག་པའི་ལྟ་བ་མཐའ་དག་སེལ་བ་དང་། ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་བཅས་རིམ་བཞིན་སྐྱེས་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དུས་ཐོག་མའི་ཆར་ཐོས་བྱུང་གི་ཤེས་རབ་ཙམ་རེད།
ངོས་ཀྱི་ཉམས་མྱོང་གི་ཐོག་ནས་ཞུས་ན་ཐོག་མར་བླ་མ་བཀའ་དྲིན་ཅན་ཚོས་སྟོང་ཉིད་ཀྱི་ལྟ་བ་གསུང་སྐབས་མོས་པ་སྐྱེས་པ་ཞིག་དང་། གཙོ་བོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པར་ཡང་ཡང་བལྟས་ནས་ཡོང་སྐབས་ཐོག་མར་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཐོས་བྱུང་གི་ཤེས་རབ་སྐྱེས། དེ་ནས་ཡང་ཡང་བསམ་བློ་གཏོང་དུས་སེམས་ཀྱི་གཏིང་ནས་ངེས་པ་ཐོབ་པའི་བསམ་བྱུང་གི་ཤེས་རབ་སྐྱེས། སྒོམ་བྱུང་གི་ཤེས་རབ་ནི་སྦྱོར་ལམ་ཐོབ་ན་མ་གཏོགས་ལམ་སེང་ཡོང་གི་མེད། གང་ལྟར་བསམ་བློ་བཏང་ན་སེམས་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་དང་། ཆོས་རྣམས་ཀྱི་ཡིན་ལུགས་ཇི་ལྟར་སྣང་བ་ནང་བཞིན་དོན་ལ་གྲུབ་མེད་པ་ཞིག་རེད། ཚད་རྡུལ་དངོས་ཁམས་རིག་པས་ཀྱང་འདི་ལྟར་བཤད་ཀྱི་ཡོད། ཆོས་གང་དང་གང་ཡིན་ནའང་དོན་གྱི་ངོས་ནས་ཡོད་པ་ཞིག་ང་ཚོར་སྣང་ཡོང་དུས་སྣང་བ་ལྟར་དུ་མེད་ཅེས་སྟོང་ཉིད་ཀྱི་གོ་བ་ཞིག་སླེབས་ཀྱི་རེད། སྟོན་པ་བཀའ་དྲིན་ཅན་གྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཞན་ཕན་གྱི་བློ་དེ་རྩལ་དུ་བཏོན་ནས་གསུངས་འདུག གཞན་ཕན་གྱི་བློ་དེས་གཞན་ཕན་སྒྲུབ་པའི་སེམས་ཤུགས་སྐྱེས་པ་ཡིན་ན་གཞན་ལ་ཕན་བདེ་སྒྲུབ་པ་ཞེས་པ་ནི་ཟས་གོས་གནས་མལ་སྦྱིན་པ་ཙམ་མིན་པར་ཕ་རོལ་བའི་ཕྱིན་ཅི་ལོག་གི་ལྟ་བ་རྣམས་སེལ་དགོས་པ་ཞིག་རེད། དེར་བརྟེན། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ཞེས་སོགས་ཀྱི་ཚིགས་བཅད་གསུངས་པ་རེད། ཧ་ཅང་གནད་འགག་ཆེན་པོ་རེད།
ངོས་རང་ལ་ཆ་བཞག་ན་ཐོག་མར་མངོན་རྟོགས་རྒྱན་བློ་ལ་བཟུང་། དེ་ནས་དབུ་མ་འཇུག་པ་བློ་ལ་བཟུང་བ་ཡིན། རྒྱན་འཇུག་གཉིས་པོ་འདི་ཡང་ཡང་འདོན་བཞིན་ཡོད། མངོན་རྟོགས་རྒྱན་དུ་ས་བཅུ་ལམ་ལྔ་དང་། ཐེག་པ་གསུམ་གྱི་ལམ་གྱི་འགྲོ་སྟངས་ཆ་ཚང་གསུངས་ཡོད། དབུ་མ་འཇུག་པར་སྟོང་ཉིད་ཀྱི་ལྟ་བ་གཙོ་བོ་དང་རྩལ་དུ་བཏོན་ནས་གསུངས་ཡོད། དེང་སང་ཡང་དབུ་མ་འཇུག་པའི་རང་འགྲེལ་ངོས་ཀྱི་མདུན་ཅོག་ཐོག་བཞག་ནས་བར་གསེང་ཡོད་དུས་ཀློག་གི་ཡོད། ཧ་ཅང་གནད་འགག་ཆེན་པོ་རེད། ཕྱིན་ཅི་ལོག་གི་ལྟ་བ་སེལ་བ་ལ་སྨོན་ལམ་བརྒྱབ་ནས་མེད་པ་ཆགས་མི་ཐུབ་ལ། སྔགས་བགྲངས་ནས་ཀྱང་མེད་པ་ཆགས་མི་ཐུབ། ཕྱིན་ཅི་ལོག་གི་ལྟ་བ་ནི་ཇི་ལྟར་ཡིན་པ་དང་། བློའི་འཛིན་སྟངས་ཇི་ལྟར་ཡིན་པ་ཤེས་པར་བྱས་ཏེ་རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས། ངོ་བོ་ལ་དཔྱོད་པ་གཅིག་ཏུ་བྲལ་གྱི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེས་འགོག་གི་གཏན་ཚིགས་སོགས་གཏན་ཚིགས་མང་པོར་བསམ་བློ་བཏང་ཚེ་ཕྱི་ནང་གི་ཆོས་གང་དང་གང་ཡིན་ནའང་དོན་གྱི་ངོ་ནས་ཡོད་པ་ལྟ་བུ་ཞིག་སྣང་གི་ཡོད་ཀྱང་སྣང་བ་ལྟར་དུ་གྲུབ་མེད་པ་སེམས་ནང་ཁོ་ཐག་ཆོད་པ་ཞིག་རེད། དེར་བརྟེན་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཟབ་མོའི་དེ་ཁོ་ན་ཉིད་ཀྱི་དོན་བསྟན་པ་རེད་ཅེས་པ་ཧ་ཅང་ཟབ་མོ་རེད།
མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ཀྱི་མཇུག་ཏུ་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བའི་ཚིགས་སུ་བཅད་པ་འདི་ནི་ཧ་ཅང་ནུས་པ་ཆེན་པོ་རེད། ངོས་ཀྱིས་ཉིན་ལྟར་ཚིགས་བཅད་འདི་སྐྱོར་བཞིན་ཡོད། འདི་རྒྱས་པར་བཏང་ན་དབུ་མ་འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་སོགས་ཀྱི་ཚིག་འདི་སེམས་ལ་ཧ་ཅང་ཟུག་པོ་དང་། བསམ་བློ་བཏང་ཚེ་བྲོ་བ་མི་འདྲ་བ་ཞིག་འདུག
གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ལ་བླང་དོར་གྱི་གནད་བསྟན་ནས་གཞན་དོན་མཛད་པ་རེད། བཅོམ་ལྡན་འདས་ཀྱིས་ལོ་དྲུག་དཀའ་སྤྱད་མཛད་ནས་གནས་ལུགས་ཀྱི་དོན་ཤེས་པའི་སྒོོམ་ཞིག་མ་བྱུང་ན་ནུས་པ་ཐོན་མི་ཐུབ་པ་གཟིགས་ནས་མཐའ་གཅིག་ཏུ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་ལས་ལྡང་ནས་གདུལ་བྱ་ལ་ཆོས་སྟོན་པ་ཞིག་གསུངས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་བ་ཞིག་ཡིན་པས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་གསུང་ལ་རིགས་པས་དཔྱད་ཡོད། དབུ་མ་རྩ་བ་ཤེས་རབ་ནི་རིགས་པས་དཔྱད་པ་ཤ་སྟག་རེད། དབུ་མ་བཞི་བརྒྱ་པའང་རིགས་པས་དཔྱད་པ་ཤ་སྟག་རེད། གང་ལྟར་ང་ཚོར་ཆོས་གང་དང་གང་སྣང་ཡང་དོན་གྱིས་ཡོད་པར་འཛིན་པའི་ཨ་འཐས་ཀྱི་འཛིན་པ་ཤུགས་ཆེན་པོ་ཞིག་ཡོད་པས་དེ་གཏིང་ནས་སྔོགས་ཤིང་རང་འཚང་རྗེན་པར་བསྟན་དེ་ཐོས་བྱུང་གི་གོ་བའི་ཐོག་སྣང་བ་ལྟར་དུ་གྲུབ་མི་འདུག་བསམ་པ་ཞིག་དང་། དེ་ནས་ཡང་ཡང་བསམ་བློ་བཏང་ནས་བསམ་བྱུང་གི་ཤེས་རབ་སྐྱེས་ཡོང་དུས་སེམས་གཏིང་ནས་ཐག་ཆོད་པ་ཞིག་དང་། དེ་ལ་སྒོམ་བྱུང་གི་ཉམས་ལེན་བྱེད་སྐབས་ད་ལྟའི་བར་ཕུང་ལ་སྦྱོར་མཁན་གྱི་ཨ་འཐས་ཀྱི་འཛིན་པ་དེ་ག་ལེར་གཉའ་ཆགས་ནས་རྗེས་སོར་གང་སྣང་བ་རྣམས་སྣང་བ་ལྟར་དུ་གྲུབ་མེད་པར་བདེན་སྟོང་སྒྱུ་མ་ལྟ་བུ་བློ་ལ་འཇོག་ཐུབ་པ་ནི་ཧ་ཅང་ནུས་པ་ཆེན་པོ་རེད།
སྟོན་པ་བཅོམ་ལྡན་འདས་བྱུང་ནས་ལོ་སྟོང་ཕྲག་ཕྱིན་ཀྱང་འཛམ་གླིང་ལ་སངས་རྒྱས་པའི་ཆོས་མུ་མཐུད་ནས་གནས་ཡོད། དེ་ཧ་ཅང་རྩ་ཆེན་པོ་རེད། ཅེས་སོགས་སྔོན་འགྲོའི་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་ལ་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་གི་མདུན་ནས་དབུ་མ་འཇུག་པའི་རང་འགྲེལ་གྱི་བཤད་ལུང་ཐོབ་ཡོད་པའི་བཀའ་སློབ་དང་བཅས་བཀའ་ཆོས་དབུ་འཛུགས་མཛད།
དབུ་མ་འཇུག་པའི་རང་འགྲེལ་གྱི་བཤད་ལུང་དང་འབྲེལ་བྱམས་སྙིང་རྗེ་དེང་དུས་ཀྱི་སློབ་ཚན་ནང་བཞག་སྟེ་འཛམ་གླིང་ཞི་བདེ་བསྐྲུན་རྒྱའི་སྐོར་ལ་བཀའ་སློབ་སྩལ་དོན། ད་ལྟ་ང་ཚོ་སྲིད་པ་འཁོར་བ་ལ་གནས་པའི་རིང་ཡིན་ནའང་། སེམས་པ་བཟང་པོ་ཡོད་ན་མི་ཚེ་སྐྱིད་པོ་དང་སྤྱི་ཚོགས་སྐྱིད་པོ་ཡོང་གི་རེད། དེར་བརྟེན་བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་དང་དགོས་མཁོ་ཆེན་པོ་རེད། ང་ཚོ་མི་ཚང་མ་སྐྱེས་པའི་སྐབས་ནས་ཨ་མའི་བརྩེ་བའི་འོག་ནས་འཚོ་བ་དང་ཚེ་གང་པོར་བརྩེ་བ་ཧ་ཅང་གལ་ཆེན་པོ་རེད། དེང་གི་སློབ་སྦྱོང་ནང་དུ་བརྩེ་བ་གལ་ཆེན་པོ་ཡིན་པའི་སྐོར་མི་འདུག་སྟབས་དེ་ལ་འབད་བརྩོད་བྱེད་དགོས་པ་དྲན་གྱི་འདུག ཐོག་མར་མའི་མངལ་དུ་གནས་པའི་སྐབས་སུ་ཨ་མའི་སེམས་ལྷོད་ལྷོད་ཡིན་ན་སྐྱིད་པོ་ཡོང་བ་གསལ་པོ་དང་། མའི་མངལ་ནས་བཙས་རྗེས་ཨ་མའི་བརྩེ་བ་ནི་ནམ་ཡང་མེད་ཐབས་མེད་པ་ཞིག་ཡིན། མི་གཅིག་པུ་མ་ཡིན་པར་དུད་འགྲོ་སེམས་ཅན་ལ་མཚོན་ནའང་མའི་བརྩེ་བས་སྐྱོང་གི་ཡོད།
མི་རྣམས་མི་ཚེ་དང་པོ་འགོ་འཛུགས་པའི་སྐབས་སུ་སེམས་པ་བཟང་པོ་དང་བརྩེ་བས་འགོ་བཙུགས་པ་རེད། དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ནང་ཞུགས་ཏེ་སློབ་གྲྭ་འགྲིམས་པའི་སྐབས་སུ་སེམས་བཟང་པོ་གལ་ཆེན་པོ་ཡིན་སྐོར་ལ་དམིགས་བསལ་གྱི་སློབ་སྦྱོང་དང་ངོ་སྤྲོད་མེད། སློབ་གྲྭ་ནས་འཛིན་གྲྭ་ལྔ་པ་དང་དྲུག་པར་རིམ་བཞིན་སླེབས་སྐབས་ཕྱི་དངོས་པོ་རྐྱང་པ་མ་གཏོགས་སེམས་ཀྱི་ཞི་བདེ་དང་སྙིང་རྗེ་རྩ་བ་ཡིན་པའི་སྐོར་ལ་སློབ་སྦྱོང་སྤྲོད་ཀྱི་མེད་པས་སློབ་སྦྱོང་དེ་སྤྲོད་དགོས་ཀྱི་འདུག
རྒྱ་གར་གྱི་ལོ་སྟོང་ཕྲག་སྔོན་གྱི་ཀཱ་རུ་ཎ་ (Karuna) དང་དེང་དུས་ཀྱི་དངོས་པོ་ཡར་རྒྱས་ཀྱི་ཤེས་ཡོན་ཟུང་དུ་སྦྲེལ་དགོས་ཀྱི་འདུག་ཅེས་རྒྱ་གར་གྱི་སློབ་གྲྭ་ཆེན་མོའི་མཁས་དབང་ཚོར་གོ་བསྡུར་བྱེད་དགོས་བསམ་ཡོད། གནའ་རབས་ནས་ཡོད་པའི་ཨ་ཧིམ་ས་ (Ahimsa) ཟེར་བ་དང་ཀཱ་རུ་ཎ་གཉིས་ཡོད་པ་ལས་ཀཱ་རུ་ཎ་ངེས་པར་དུ་སློབ་སྦྱོང་ནང་དུ་སླེབས་པ་ཞིག་དང་། སློབ་ཕྲུག་ཚོར་སོ་སོར་སེམས་ཀྱི་ཞི་བདེ་ཡོང་བའི་རྩ་བ་རེད་ཅེས་ངོ་སྤྲོད་བྱེད་ཐུབ་པ་ཞིག་གལ་ཆེན་པོ་རེད། ངོས་ཀྱི་འདི་ལྟར་དྲན་གྱི་འདུག རྒྱ་གར་གྱི་གནའ་རབས་ནས་ཨ་ཧིམ་ས་དང་ཀཱ་རུ་ཎ་གཉིས་བཤད་ཀྱི་ཡོད། དེང་རབས་ཀྱི་དུས་ཚོད་འདིར་མ་ཧ་གྷན་དྷིས་འཚེ་མེད་ཞི་བའི་སྐོར་ལ་ལག་ལེན་དང་གསལ་བཤད་བྱས་ཏེ་འཛམ་གླིང་འདིར་གྷན་དྷིའི་ལྟ་སྤྱོད་འཚེ་བ་མེད་པ་ཡིས་ལམ་སྟོན་ཡག་པོ་ཞིག་གནང་འདུག་པ་དང་། ཀཱ་རུ་ཎ་ཡི་སྐོར་ལ་ཤུགས་རྒྱག་རྒྱུ་ལྷོད་ཡངས་ཕྱིན་འདུག་བསམ་གྱི་འདུག རྒྱ་གར་ལ་མཚོན་ན་དེང་དུས་ཀྱི་ཤེས་ཡོན་ཡག་པོ་ཡོད་པ་རེད། སློབ་གྲྭ་རུ་དེང་དུས་ཀྱི་ཤེས་ཡོན་ནང་དུ་དམིགས་བསལ་ཆོས་དང་མ་འབྲེལ་བའི་ཐོག་ནས་བྱམས་སྙིང་རྗེའི་སློབ་སྦྱོང་སྤྲོད་རྒྱུར་བསམ་བློ་གཏོང་དགོས་པ་དྲན་གྱི་འདུག གྷན་དྷི་ཡིས་འཚེ་མེད་ཞི་བ་ལག་ལེན་བསྟར་ནས་འཛམ་གླིང་འདིར་གང་ལ་གང་འཚམ་སྲོལ་བཏོད་ཡོད་པ་རེད། ཀཱ་རུ་ཎ་ལ་དེ་ལྟ་བུའི་ཤུགས་སླེབས་མེད། སྙིང་རྗེ་ཟེར་དུས་ཆོས་ཀྱི་སྐད་ཆ་ཡིན་པ་ལྟ་བུར་གོ་གི་འདུག དེ་མ་རེད། ཆོས་ཡོད་ཀྱང་མེད་ཀྱང་སེམས་སྐྱིད་པ་ཞིག་སུ་ལ་ཡིན་ནའང་དགོས་ཀྱི་ཡོད། སེམས་མ་སྐྱིད་པ་ནི་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་གིས་བཟོ་བཞིན་ཡོད། ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་ཤུགས་ཆུང་དུ་ཕྱིན་ནས་སེམས་རང་བཞིན་གྱིས་ལྷོད་ལྷོད་བཟོ་མཁན་ནི་བརྩེ་བ་རེད། འདི་ནི་ཆོས་ཀྱི་སྐད་ཆ་མ་རེད།
གང་ལྟར་ང་ཚོའི་མི་ཚེར་སེམས་ལ་ཞི་བདེ་ཡོང་བ་དང་། དེའི་ཐོག་ནས་གཟུགས་པོ་བདེ་ཐང་། སྤྱི་ཚོགས་ལ་རྙོག་དྲ་ཏོག་ཙམ་བྱུང་ཡང་དེ་ཆུང་ཚགས་ལ་ཆ་འཇོག་པ་དང་། མིའི་བརྩེ་བའི་འཚོ་བའི་འོག་ནས་དཀའ་ངལ་ཕྲན་བུ་ལ་འཕྲད་ཀྱང་སྐད་ཆ་བཤད་ནས་དཀའ་ངལ་སེལ་ཐུབ་པ་ཞིག་དགོས། དཀའ་ངལ་ཏོག་ཙམ་འཕྲད་སྐབས་ང་དང་ཁྱོད་ཅེས་གོ་མཚོན་བེད་སྤྱོད་བྱེད་པ་དང་། གོ་མཚོན་བཟོས་ཏེ་དུས་རབས་མང་པོ་ཕྱིན་པ་རེད། ད་ཆ་དངོས་གནས་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ་ལྡན་པའི་འཛམ་བུ་གླིང་ཞིག་བཟོ་ཐུབ་ན་གོ་མཚོན་ཁྱོན་ནས་མི་དགོས་པ་རེད། དངོས་གནས་ཞི་བདེའི་འཛམ་གླིང་ཞིག་བཟོ་ཐུབ་ཀྱི་རེད། དེ་ཆོས་ཀྱི་སྐད་ཆ་མ་ཡིན་པར་སློབ་སྦྱོང་གི་ཐོག་ནས་ཡར་ཁྲིད་དགོས། ངོས་ལ་འདི་ལྟ་བུའི་བསམ་བློ་ཞིག་ཡོད་ལ་གྲོགས་པོ་ཚོར་འདི་ལྟར་བཤད་བཞིན་ཡོད། ཅེས་བཀའ་ཕེབས་རྗེས་བཤད་ལུང་མུ་མཐུད་སྩལ་བ་དང་། མཐར་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་། བོད་ཁ་བ་གངས་ཅན་ཡུལ་གྱི་མེ་ཏོག་གང་ཕོག་པའི་ལྷ་སྐལ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་དང་། རྗེ་བཙུན་འཕགས་མ་སྒྲོལ་མའི་གཟུངས་སྔགས་ཕྲེང་སྐོར་རེ་གྲངས་གསོག་མཛད་རྗེས་ཉིན་དང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད། །